མདུན་ཤོག / ཆེད་དོན་ཞིབ་འཇུག / དགེ་ཆོས་སྐོར་གྱི་ཞིབ་འཇུག
དགེ་ཆོས་སྐོར་གྱི་ཞིབ་འཇུག

༄༅།།མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ཞིབ་འཇུག་སྐོར་གྱི་ ཐབས་ལམ་བསྡུས་བརྗོད་ཤེས་ལྡན་ཡིད་ཀྱི་དགའ་སྟོན།

རྩོམ་པ་པོ།   ཨ་སྔགས་ཚེ་རིང་བཀྲ་ཤིས།
 
སྤེལ་དུས།    2009-08-08  སྣ་རིང་ལྟར་ཀློག་པ། པར་འདེབས།པར་དུ་འདེབས་པ།    【ཆེ། འབྲིང་། ཆུང་།

གླེང་སློང་བ།

དེ་ཡང་ཇི་སྐད་དུ།  རླངས་དཔལ་གྱི་སེང་གེའི་ཞལ་ནས།   ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན།   ནགས་ཁུང་གི་སྤྲེའུ་འདྲ།   ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན།  མོན་ཕྲུག་ཡལ་བོར་དང་འདྲ་ཞེས་བརྗོད་པ་དང་།   གནའ་རབས་ལའོ་མྰའི་ཆབ་སྲིད་མཁས་ཅན་ཤས་སེ་ལའོས།   རང་མ་སྐྱེས་གོང་གི་ལོ་རྒྱུས་རྣམས་རྨོངས་གྱུར་ན།   ཆུང་སེའུ་བཅུ་བའི་ཚུལ་དུ་ཟད་ཅེས་བརྗོད་པ་ལྟར།   གངས་ཅན་བོད་ལ་མཚོན་ན།   ལོ་རྒྱུས་ཡིག་ཚང་རི་བོའི་གཏོས་དང་མཉམ་པ་ཞིག་དེང་གི་ཆར་ཆུ་བུར་མིག་གི་མཐོང་ཆོས་སུ་ཡོད་པས་ན།  འཛམ་གླིང་ན་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་གྲས་སུ་རྩི་བཞིན་ཡོད།   དེའང་ལོ་རྒྱུས་མཁན་པོ་རབས་དང་རིམ་པ་བྱུང་བ་རྣམས་ཀྱི་བཀའ་དྲིན་ཁོ་ན་ལ་རག་ལས་པའི་ཕྱིར་ན་ཇི་སྲིད་བར་དུ་བསྟོད་དགོས་པ་སྨོས་ཀྱང་ཅི་དགོས་མོད།   འོན་ཏེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་བོད་སྤྱི་སྤྱོད་ཀྱི་ཡི་གེ་བྱུང་ནས་དུས་རབས་ཉི་ཤུ་བའི་དུས་འགོ་སྟེ་དགེ་འདུན་ཆོས་འཕེལ་གྱི་སྐུ་རིང་བར།   ལོ་རྒྱུས་སྨྲ་བའི་དབང་པོ་དག་གི་ཕྱག་སོར་ལས་བྱུང་བའི་ཡིག་ཚང་གྲགས་ཅན་《མ་ནྀ་བཀའ་འབུམ》དང་བཀའ་ཆེམས་ཀ་ཁོལ་མ》《བཀའ་ཐང་སྡེ་ལྔ》《སྦ་བཞེད》《རྒྱལ་རབས་གསལ་བའི་མེ་ལོང》《ཆོས་འབྱུང་མཁས་པའི་དགའ་སྟོན》《དེབ་ཐེར་སྔོན་པོ》《དེབ་ཐེར་དམར་པོ》《རྒྱ་བོད་ཡིག་ཚང་ཆེན་མོ》《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངསབཅས་དང་།   དེ་མིན་གྲུབ་མཐའ་ཁག་གི་ཆོས་འབྱུང་ཇི་སྙེད་དུ་ཆོས་ཀྱི་བྱུང་འཕེལ་ལས་འཇིག་རྟེན་སྲིད་ལུགས་སྐོར་གསུངས་པ་ཉུང་ཐལ་ཙམ་དུ་ཟད།   ཡིག་ཚང་མང་ཆེ་ཤོས་སུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པའི་འཕེལ་རིམ་གཞིར་བཟུང་སྟེ།  རྒྱལ་པོ་གང་དག་ལོ་ནམ་ཙམ་དུ་སྲིད་དབང་བཟུང་ནས་ཆོས་སྤེལ་ཚུལ་དང་ཆོས་རྒྱལ་དེའི་སྐུ་རིང་ཆོས་ཀྱི་དར་ཚུལ་གཙོ་བོར་བཟུང་སྟེ་བྲིས་པ་ལས།   སྲིད་ཀྱི་དར་ནུབ་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག   དམག་སྲིད་ཀྱི་ལས་སོགས་འཇིག་རྟེན་གྱི་སྲིད་ལུགས་བརྗོད་པ་ཤིན་ཏུ་ཉུང་།   བརྒྱ་ལ་སྲིད་ཕྱོགས་སུ་བསྙད་ཁུལ་ཅུང་ཙམ་བྱས་པའང་ཡིད་རྟོན་དཀའ་བའི་ལྷ་སྒྲུང་གིས་མ་བསླད་ན།   གྲུབ་མཐའ་ངེས་ཅན་ཞིག་གི་ལྟ་བ་བཟུང་ནས་ཆེས་གུ་དོག་པའི་རྒྱར་ཚུད་ཡོད།

     དེ་དང་དེ་བཞིན་བོད་ཀྱི་ཡིག་ཚང་ཕལ་མོ་ཆེར་ཕྱི་མིག་གིས་བལྟས་ན།   ཆོས་ཀྱི་བྱུང་འཕེལ་གྱིས་མི་རིགས་ཀྱི་ལོ་རྒྱུས་འཐུས་པར་བྱས་པ་ནི།  གཅིག་ན་ལོ་རྒྱུས་མཁན་པོ་དེ་དག་སྒོ་གསུམ་ཆོས་ལ་བཅོལ་བའི་རབ་བྱུང་བཙུན་པ་ཡིན་པ་དང་།   གཉིས་ན་དུས་རབས་བདུན་པ་ནས་བཟུང་སངས་རྒྱས་ཀྱི་ཆོས་རྒྱ་གར་འཕགས་པའི་ཡུལ་ནས་གངས་ཅན་བོད་དུ་རྒྱ་མཚོ་ཆེན་པོའི་ཀློང་བརྡོལ་བ་བཞིན་འཕེལ་བས་ན།   བོད་ཀྱི་སྤྱི་ཚོགས་ཀྱི་སྟེང་རིམ་བཀོད་པའང་ཆོས་སྲིད་ཟུང་འབྲེལ་གྱི་རྣམ་པར་གྱུར་བ་དང་བོད་མི་ཡོངས་ཀྱི་བསམ་བློ་ཕྱོགས་དེར་འཁོར་ཞིང་།  ལོ་རྒྱུས་མཁན་པོའི་འོས་འགན་ཡང་སྐབས་དེའི་སྤྱི་ཚོགས་ཁོར་མོ་ཡུག་དུ་བྱུང་བའི་དོན་གལ་བོ་ཆེ་དང་།   མི་སྣ་གྲགས་ཅན་གྱི་གནས་ཚུལ།   ཤེས་རིག་གོང་འཕེལ་ལས་གྲུབ་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་རང་གི་བསམ་བློའི་ཟངས་སུ་བཙོས་ནས་ཕྱིར་ཡིག་རིས་སུ་ཕབ་པ་དེ་ཡིན་ཕྱིན།   ང་ཚོས་ལོ་རྒྱུས་མཁན་པོས་ཆོས་འབྱུང་གིས་སྲིད་དོན་འཐུས་པར་བྱས་པའམ་ཆོས་ཀྱིས་སྲིད་ལུགས་མོག་པོར་བྱས་འདུག་སྙམ་སྟེ་འཁང་རའམ་དམའ་འབེབས་བྱེད་ག་ལ་རིགས།   ཡིན་ནའང་སྤྱི་ཚོགས་ཁོར་ཡུལ་དེར་གནས་ཀྱང་ཁོར་ཡུག་དེ་དང་སྐབས་དེའི་བསམ་བློའི་བཀག་རྒྱ་ལས་ཐར་ཏེ་དངོས་ཡོད་དང་མ་འོངས་པའི་ཆེད་དུ་ལོ་རྒྱུས་ཞིབ་འཇུག་བྱེད་ཐུབ་པའི་ལོ་རྒྱུས་མཁན་པོ་ནི་རླབས་ཆེ་བའི་ལོ་རྒྱུས་མཁས་ཅན་དུ་བརྩི་དགོས་སོ།།   སྐབས་དོན་དགེ་འདུན་ཆོས་འཕེལ་ཚང་གངས་ཅན་བོད་ཀྱི་ལོ་རྒྱུས་མཁན་པོ་གནམ་གྱིས་ས་བཀབ་པ་ལྟར་བྱུང་བ་རྣམས་ལས་དམིགས་སུ་བཀར་ཏེ་ཞིབ་འཇུག་བྱེད་རིམ་གྱ་ནོམ་པར་མཆིས་པ་ནི།   ཁོང་ནསརྒྱལ་རབས་དེབ་ཐེར་དཀར་པོབརྩམས་པས་མཚོན་གོང་ཞུས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ།   བོད་དུ་ལོ་རྒྱུས་ཞིབ་འཇུག་གི་ཐབས་ལམ་གསར་པའམ་ཚན་རིག་རང་བཞིན་ཅན་གྱི་ལོ་རྒྱུས་ཞིབ་འཇུག་གི་དབུ་བཏོད་པ་དེ་ཡིན།  ལོ་རྒྱུས་རིག་པའི་རྣམ་བཤད་ལས།   རང་བྱུང་ཚན་རིག་དང་བཅས་པའི་ཚན་རིག་གི་ངོས་འཛིན་ཡོད་དོ་ཅོག་ཞིབ་འཇུག་པས་རང་གི་རྣམ་དཔྱོད་ལ་རྒྱུད་དགོས་པ་བཞིན།   རང་གི་འདུ་ཤེས་ཀྱི་སླད་མ་ཞུགས་པ་མེད་པས།   ཞིབ་འཇུག་བྱས་འབྲས་དང་ཞིབ་འཇུག་བྱེད་ཡུལ་དངོས་ཀྱི་གནས་ལུགས་བར་ཧེ་བག་ཅུང་ཙམ་མེད་པ་ཞིག་དཀོན་ཞེས་བརྗོད་པ་བཞིན།  དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ཞིབ་འཇུག་གི་འབྲས་བུ་ཡོངས་རྫོགས་ཡང་དག་པ་ཡིན་དགོས་པའི་ངེས་པ་མེད་ལ།  ཡང་སྒོས་སུ་ལོ་རྒྱུས་ཀྱི་གནད་དོན་རྙོག་འཛིང་ཅན་ལོ་རྒྱུས་མཁན་པོས་རིགས་པས་སྒྲོས་ཐག་གཅད་པར་རང་གི་ལྟ་བའམ་བློ་ཁམས་ཀྱིས་མ་སླད་པ་མེད་ཅིང་།   ལྟ་བ་དང་རིག་པའི་དཔྱད་སྟོབས་གཉིས་ཀྱང་མཐའ་ཅན་ཡིན་གཤིས།  ཚད་མའི་སྐྱེས་བུའི་ཚད་ལྟར་བརྒྱ་ཁ་གཅིག་ཏུ་གཅོད་ག་ལ་ཐུབ།   རྒྱུ་མཚན་དེས་ན་ང་ཚོས་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་དཔྱད་འབྲས་བདེན་པ་ཡིན་པའི་ཆ་ནས་ཁོང་གི་བརྩམས་ཆོས་དབྱེ་ཞིབ་བྱེད་པ་ཕུགས་ཀྱི་དམིགས་ཡུལ་དུ་མི་འཛིན་པར།  དགེ་འདུན་ཆོས་འཕེལ་གྱི་བསམ་བློའམ་རིག་གཞུང་ཞིབ་འཇུག་གི་ཐབས་ལམ་དང་ཁོང་གི་བསམ་བློའི་བག་ཏུ་ཉར་བའི་རིག་གནས་ཀྱི་བླ་སྲོག་དེ་ཉིད་མངོན་དུ་བཏོད་ནས་དེང་གི་ཆར་བོད་ཀྱི་རིག་གནས་འཛུགས་སྐྲུན་གྱི་གསོས་སུ་འདྲེན་རྒྱུ་ནི་ང་ཚོའི་འོས་འགན་ཡིན་ལ།  ལོ་རྒྱུས་ཞིབ་འཇུག་གི་དགོས་པའང་དངོས་ཡོད་དང་འབྱུང་འགྱུར་གྱི་ཆེད་དུ་ཡིན་པ་ལས་ལོ་རྒྱུས་ཀྱི་ཆེད་དུ་ལོ་རྒྱུས་ཞིབ་འཇུག་བྱེད་པ་མིན་པའི་ཕྱིར་རོ།།

     གཅིག    དཔྱད་གཞི་དང་དཔྱད་པ་ཟུང་དུ་སྦྲེལ་བ།

དཔྱད་གཞི་མང་པོ་ལག་ཏུ་ལོན་པས་གུང་བསྒྲིགས་པ་ལས་རང་གི་རྣམ་པར་དཔྱོད་པས་བརླན་པར་མ་བྱས་ན།  ལོ་རྒྱུས་བྲིས་པ་འདི་ཚིག་རོའི་ཕུང་པོ་ཙམ་དུ་ཟད་དེ།   གནད་དོན་བར་གྱི་རྒྱུ་རྐྱེན་རྟེན་འབྲེལ་རྨོངས་པས་ཚན་རིག་རང་བཞིན་དུ་འགྱུར་མི་སྲིད།  དེ་བཞིན་དཔྱད་གཞི་གཙིགས་སུ་མི་འཛིན་པར་རང་གི་རྣམ་དཔྱོད་གང་ལ་སླེབས་ཚད་ཚད་མར་རློམ་ནས་ལོ་རྒྱུས་རྩོམ་འབྲིའམ་དཔྱད་པ་བྱས་པ་ནི།   གནས་ལུགས་དངོས་ལས་རིང་དུ་ཆས་པའི་རྟོག་བཟོའི་ཕུང་བོར་གྱུར་པས་ན།   དཔྱད་གཞི་དང་དཔྱད་པ་གཉིས་ཟུང་དུ་འབྲེལ་དགོས།   བོད་ཀྱི་ལོ་རྒྱུས་མཁན་པོ་རྣམས་ལས་དགེ་འདུན་ཆོས་འཕེལ་ནི་གནད་དོན་འདི་གཉིས་ཐག་གཅོད་ལེགས་པོ་བྱེད་ཐུབ་པའི་གྲས་ཡིན།  རྒྱལ་རབས་དེབ་ཐེར་དཀར་པོ་བརྩམ་འབྲིའི་གྲ་སྒྲིག་བྱེད་རིང་ཁོང་གིས་དཔྱད་གཞི་གཙིགས་སུ་བཟུང་ཚུལ་བསྡུས་ཏེ་བརྗོད་ན།  སྤྱིར་རྒྱ་གར་སོགས་ཡུལ་གྲུ་མང་པོར་མི་ལོ་བཅུ་གཉིས་ཀྱི་རིང་ཕེབས་བཞུགས་གནང་སྐབས།  སྲིད་ཕྱོགས་ཀྱི་ལོ་རྒྱུས་ཤིག་རྩོམ་བཞེད་ཡོད་སྟབས།   དཔྱད་གཞི་ཅི་ལོན་བསྡུ་རུབ་བྱས་ཤིང་།   བོད་མེ་ཁྱི་ལོའི་ཟླ་བ་གཉིས་པའི་(སྤྱི་ལོ༡༩༤༦ནང་ཧོར་ཁང་སྐུ་འཁོར་བཅས་རང་ཡུལ་གྱི་ར་མ་སྒང་དུ་ཕེབས་ཏེ་གནའ་དུས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་བཞེངས་པའི་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་གི་གནས་ཤུལ་དུ་ཡོད་པའི་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ་དཔྱད་གཞི་རུ་ཞིབ་བཤུས་གནང་བ་དང་།   འུ་ཤིང་རྡོ་རྗེ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་གནས་ཡུལ་དུ་ཕེབས་ཏེ་དེའི་རྡོ་རིང་སོགས་གནའ་རྫས་ལ་ཞིབ་བརྟག་གནང་།   བཀའ་ཤག་སྲིད་གཞུང་ནས་ཀྱང་མཁས་དབང་ཉིད་ཀྱི་བཞེད་མོས་ལྟར་དཔྱད་གཞི་མཁོ་འདོན་བྱུང་བ་སོགས་ཀྱིས་མཚོན།  དེབ་དཀར་རྩོམ་པའི་སྔོན་འགྲོའི་སྟ་གོན་གང་རྒྱས་མཛད།   ལར་དཔྱད་གཞི་ཕྱག་ཏུ་མང་པོ་ཞིག་འབྱོར་ཡང་གོ་བ་ཆུ་ཐུབ་ཀྱི་རིག་པས་བརླན་པར་མ་བྱས་པར་སོབ་པའི་ཕུང་བོ་ཞིག་ཏུ་བསྒྲིགས་ན།  གླེགས་བམ་གྱི་བོངས་ཚད་ཆེ་རུང་དོན་གྱི་ལོ་རྒྱུས་གཙང་དག་ཅིག་མི་ཡོང་།   དགེ་འདུན་ཆོས་འཕེལ་ཉིད་ནས་དཔྱད་གཞི་གང་ལོན་དཔྱད་གསུམ་རྣམ་དག་གིས་ཤ་ཆོད་རུས་ཆོད་བྱས་ཏེ་མཐར་གྱི་སྡོམ་ཚིག་བཞག་པ་ནི།   ཁོང་གི་བརྩམས་ཆོས་གཟུར་གནས་སུའི་སྤྱན་སྔར་བསྟར་ནའང་བསྟོད་བསྔགས་ཀྱི་མཆོད་སྤྲིན་མི་འབུལ་བ་མེད་པ་དེ་ལྟ་བུ་ཡིན།  ཁོང་རང་ཉིད་ཀྱི་ཞལ་ནས་ཀྱང་།   ངས་ལྟ་བའི་སྐོར་ལ་དཔེར་ན་དཔྱད་བྱའི་ལྟ་བ་དེ་གྱང་ལྟ་བུ་ཞིག་ཡིན་ན་དེ་བརྟོལ་ནས་ཕར་ཐོན་ཏེ་སླར་ཡང་ཚུར་བལྟས་ནས་དཔྱད་པར་བྱས་ཚར་ཞེས་གསུངས་པ་ལྟར་ཡིན།   དེབ་ཐེར་དཀར་པོར།   ཏུན་ཧོང་ཡིག་ཆ་དང་།   ཤོག་དྲིལ།  རྡོ་རིང་ཡི་གེ    རྒྱ་ནག་ཐང་ཡིག་སོགས་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་སྐོར་སོགས་དཔྱད་གཞི་ཡིག་ཆ་གལ་འགངས་ཆེ་བ་རྣམས་གང་ལ་གང་འཚམས་དེ་ལ་དེ་བསྟུན་སྒོས་ཀ་ཕྲེང་ལྟར་གུང་བསྒྲིགས་ཏེ་རྟགས་བཏབ།  དོན་ཚན་རེ་རེའི་མཇུག་ཏུ་རང་གི་རྣམ་དཔྱོད་ཀྱི་ཀློང་ཡངས་ལས་ཐོན་པའི་དཔྱད་འབྲས་ལ་དཀྱུས་ཞེས་པའི་རྟགས་བཏབ་སྟེ་བཀོད།  འདི་ལྟ་བུ་ནི་ཁོང་གིས་དཔྱད་གཞི་ཡིད་རྟོན་ཅན་དང་རྣམ་དཔྱོད་རིག་པ་གཉིས་ཟུང་དུ་སྤྲེལ་ཏེ།  ཚན་རིག་རང་བཞིན་གྱི་ཞིབ་འཇུག་བྱས་པའི་འབྲས་རྟགས་ཡང་དག་ཡིན་ནོ།།

     དེ་ཡང་གོང་དུ་ཞུས་པ་ལྟར།    རང་རེའི་ལོ་རྒྱུས་མཁན་པོ་མང་ཤོས་རབ་བྱུང་བཙུན་པ་ཡིན་པ་དང་དེའི་ཁོར་ཡུག་ཀྱང་ཆོས་ཀྱི་བསམ་བློས་གང་བས།   ལོ་རྒྱུས་ཀྱི་དོན་གཞལ་བ་ལའང་སྐབས་དེའི་དགོས་པ་སོགས་སུ་ཚུད་ནས་ལོ་རྒྱུས་ཡིག་ཚང་བཀོད་པ་དགེ་འདུན་ཆོས་འཕེལ་ནས་སྐྱོན་བརྗོད་འདི་ལྟར་གནང་ཡོད་དེ།   དཔེར་ན།  རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མར།   ལྷོ་བྲག་གཙུག་ལག་ཕྲེང་བ་སོགས་ལོ་རྒྱུས་མཁན་པོས་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་ཚིག་ལ་དཔྱད་པ་ཞིབ་མོ་མ་བཏང་བར།   མ་འགྲིག་བཙན་སྦྱར་དུ་གངས་ཅན་བོད་ལ་སྦྱར་ནས་རྗེ་གཉའ་ཁྲི་བཙན་པོའི་མཆེད་ཁུངས་རྒྱ་གར་དུ་བཅོལ་བ་དང་།   ལ་ལས་ལུང་དེ་དག་ཞྭ་དཔེ་ལྷམ་འགེབས་བྱས་ཏེ།   རྗེ་གཉའ་ཁྲིའི་གདུང་རྒྱུད་བཤད་སྐབས།   ཀོ་ས་ལའི་རྒྱལ་བོ་ལ་བུ་ལྔ་ཚིགས་སུ་སྐྱེས་པ་བཀྲ་མི་ཤིས་པར་བསམ་ནས་ཆུར་བསྐྱུར་བ་བོད་དུ་ཁྱེར་ནས་རྙེད་པ་ལ་གཉའ་ཁྲི་བཙན་པོ་ཡིན་ཞེས་བརྗོད་པ་དང་། འཇམ་དཔལ་རྩ་རྒྱུད་ཀྱི་ལུང་ཚིག་རེ་ཟུང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་སྦྱར་ནས་རྒྱལ་པོའི་དགུང་གྲངས་ཀྱང་སྟོན་པའི་དགུང་གྲངས་ལྟར་གྱ་གཅིག་ཏུ་བཞུགས་ཞེས་བཤད་སྲོལ་སྤེལ་བ་དང་།   བོད་ཀྱི་རྒྱལ་བོ་ཤཱཀྱའི་རིགས་སུ་བཤད་ཅིང་།  ཕྱིས་སུ་གཏམ་དེ་ལ་ཡལ་ག་ཐོགས་ཏེ་སོག་པོའི་ཇིང་གུར་རྒྱལ་པོ་སོགས་ཀྱང་དེའི་རིགས་སུ་བཤད་པ་སོགས་ལུང་ཚིག་ཐན་ཐུན་ཁུངས་བཅོལ་ཏེ་རིགས་པས་དཔྱད་མི་བཟོད་པའི་ལོ་རྒྱུས་ཀྱི་སྡོམ་ཚིག་འཁོད་པ་ལ་འཛེམ་མེད་གཟུར་གནས་སྒོས་སྐྱོན་བརྗོད་བྱས་པ་མ་ཟད།   ལུང་ཙམ་ལ་ཁུངས་བཅོལ་བའམ་ལུང་ཙམ་ལ་གོ་བ་བསྐྱེད་པར་བརླམས་ཏེ།   རང་གི་གུ་དོག་པའི་བསམ་བློ་བཙན་དུ་འཛིན་པའི་ལོ་རྒྱུས་མཁན་པོ་དག་ལ་ཐ་ཚིག་འདི་ལྟར་བསྒྲགས་ཡོད་དེ།   ལྐོག་གྱུར་དོན་ལ་གཞོལ་བའི་མི་མཐུན་ལུང་།།   བདེན་པའི་དབྱེད་བ་འབྱེད་པའི་ང་རྒྱལ་གྱིས།།  རྩོད་པའི་ཐལ་མེ་ཕན་ཚུན་བསྣུན་པ་འདི།།   རིགས་པའི་རྒྱལ་པོའི་བསྟན་ལ་མཛེས་མ་ཡིན་ཞེས་སོ།།

     དགེ་འདུན་ཆོས་འཕེལ་རང་ངོས་ནས་བཤད་ན།   སྲོལ་རྒྱུན་གྱི་གཞུང་པོད་ལྔ་གསན་བསམ་གྱི་ཁོར་ཡུག་ལས་འཚར་ལོངས་བྱུང་བའི་ཆོས་ལུགས་པ་ཞིག་ཡིན་རུང་།   འཇིག་རྟེན་སྲིད་ལུགས་སུ་གཏོགས་པའི་ལོ་རྒྱུས་རིག་གནས་སྐོར་ལ་མཁས་པ་གཞན་ལྟར་ཉ་ཉུང་མཉམ་བསྲེས་ཀྱི་དཔྱད་བརྗོད་མ་བྱས་པར།   ཆོས་དང་སྲིད་ཀྱི་རིག་གནས་སོ་སོར་གཙང་དག་སྒོས་དཔྱད་ཞིབ་བྱས་པ་དང་།   མི་རིགས་ཀྱི་དངོས་ཡོད་དང་འབྱུང་འགྱུར་གྱི་དགེ་ཕན་ལ་དམིགས་ནས་ལོ་རྒྱུས་ཞིབ་འཇུག་བྱེད་པ་སོགས་ལ་གཞིགས་ན།   སྔོན་བྱོན་ལོ་རྒྱུས་མཁན་པོ་སྐར་ཚོགས་ལྟ་བུ་ལས་དགེ་འདུན་ཆོས་འཕེལ་ནི་ཐོ་རངས་སྐར་ཆེན་ལྟ་བུ་ལྷང་ངེར་བུད་ཡོད་པ་ཀུན་ཀྱིས་ཤེས་ཐུབ།   དེ་ཡང་སྨྱུག་ཐོགས་པས་དགེ་འདུན་ཆོས་འཕེལ་སྔོན་བྱོན་ལོ་རྒྱུས་མཁན་པོ་འགོས་ལོ་དང་གཙུག་ལག་ཕྲེང་བ།  ཚལ་པ་སོགས་དྲན་དབང་གསེར་རིའི་ཕྲེང་བ་ལྟར་བྱོན་པ་རྣམས་དང་བསྡུར་ནས་འོལ་ཚོད་ཀྱིས་འདི་བསྟོད་གཞན་སྨད་བྱས་པ་མིན་ཏེ།   གཙོ་བོར་དགེ་འདུན་ཆོས་འཕེལ་གྱི་གཞན་ལས་འཕགས་པའི་ཁྱད་ཆོས་སམ་ཁོང་གི་བསམ་བློ་སྟེ་དུས་སྐབས་ངེས་ཅན་དེར་གནས་རུང་བསམ་བློ་དེ་ཡི་རྒྱ་ལས་འགོང་ཐུབ་པའི་བླ་མེད་ཀྱི་ཁྱད་ཆོས་དེ་ཉིད་བོད་ཀྱི་རིག་གནས་ཀྱི་བླ་སྲོག་ཏུ་གྲུབ་པའི་རྒྱུ་རྐྱེན་དུ་དམིགས་ནས་བསྟོད་བསྔགས་བྱས་པ་མ་གཏོགས།  དགེ་འདུན་ཆོས་འཕེལ་གྱིས་བཤད་ཚད་བརྩམས་ཚད་འཁྲུལ་མེད་བདེན་ཐུབ་ཏུ་མི་འགྲོ་སྟེ།   ཁོང་གི་དེབ་ཐེར་དཀར་པོ་ལྟ་བུར་ཏུན་ཧོང་ཡིག་ཆ་དང་རྡོ་རིང་ཡི་གེ་སོགས་འབྲེལ་ཡོད་དཔྱད་ཡིག་ལ་རྣམ་དཔྱོད་རིགས་པས་ཡང་ཡང་བརླན་པར་བྱས་པའི་རྗེས་སུ་འཁོད་པའི་ལོ་ཚིགས་སྐོར་ཀྱང་ཨ་ལགས་ཚེ་ཏན་ཞབས་དྲུང་ནས་སྐྱོན་མང་བཏོན་པ་ལྟ་བུའོ།།

     གཉིས།   སྤྱི་དང་བྱེ་བྲག་ཟུང་དུ་སྦྲེལ་བ། 

     ལོ་རྒྱུས་ཞིབ་འཇུག་གི་ལས་ཀ་དོན་དུ་གཉེར་བའི་རིག་སྨྲ་ཞིག་ཡིན་ཕྱིན།  ཞིབ་འཇུག་གི་མགོ་མཇུག་བར་གསུམ་དུ་མི་རིགས་སྤྱི་འམ་རིག་གནས་སྤྱིའི་མཐོ་ཚད་ལ་གནས་དགོས་པ་ལས།  བྱེ་བྲག་གུ་དོག་གི་གཞི་ཁྱོན་ལས་རྒྱ་བསྐྱེད་མ་ནུས་ན་ཞིབ་འཇུག་གི་ལས་ལ་ངལ་བ་ཇི་ལྟར་བྱས་རུང་ཚན་རིག་རང་བཞིན་གྱི་དཔྱད་འབྲས་ཤིག་ཐོབ་མི་ཐུབ།   སྤྱིའང་བྱེ་བྲག་གིས་གྲུབ་པ་ཞིག་ཡིན་སྟབས་བྱེ་བྲག་ཏུ་གྱུར་བའི་གནས་ལ་ཞིབ་འཇུག་གིས་མ་ཟིན་ཚེ།   སྤྱིའི་སྡོམ་ཚིག་ཀྱང་ཚན་རིག་གི་རང་བཞིན་དུ་འགྱུར་མི་ཐུབ།   དེས་ན་སྤྱི་དང་བྱེ་བྲག་ཟུང་དུ་སྦྲེལ་རྒྱུ་ནི་ལོ་རྒྱུས་ཞིབ་འཇུག་གི་ཚན་རིག་རང་བཞིན་གྱི་ཐབས་ལམ་ཞིག་ཏུ་འཁུམས་ཏེ།   སྔོན་བྱོན་བོད་ཀྱི་ལོ་རྒྱུས་མཁན་པོ་ཕལ་མོ་ཆེས་ཚུལ་འདི་ཐག་གཅོད་ལེགས་པོ་བྱེད་མ་ཐུབ་པའི་རྒྱུ་མཚན་གྱིས།   རང་སོ་སོའི་གྲུབ་མཐའ་བྱུང་འཕེལ་ལས་འཕྲོས་ཏེ་རྒྱལ་རབས་མཚོན་ཙམ་བཀོད་པས་བོད་ཀྱི་ལོ་རྒྱུས་ཀུན་འཐུས་པར་བྱས་པའི་སྣང་ཚུལ་བྱུང་ཞིང་།   བགྲང་བྱ་ལོ་རྒྱུས་ཀྱི་དལ་འབབ་རིང་མོའི་ནང་ཚུལ་ལུགས་དེ་ཉིད་རྒྱུན་འབྱམས་སུ་སོང་བས་ན།  དམག་དོན་དང་ཤེས་རིག་དར་རྒྱས་དེ་ཙམ་བྱུང་བའི་མི་རིགས་ཤིག་ལ་དེ་ལྡན་གྱི་ཡིག་ཚང་མེད་པ་ལྟ་བུ་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་ཞིང་།   ད་ཕན་མི་ལོ༣༩༠༦གི་སྔོན་ན་ཞང་ཞུང་ཚུད་པའི་བོད་ཀྱི་ཤེས་རིག་ཕུན་སུམ་ཚོགས་པ་ཡོད་པ་ལ་ཕྱོགས་རིས་སེང་རས་ཀྱིས་བསྒྲིབས་ཏེ་ཡིག་ཚང་མང་བོར་གཉའ་ཁྲི་བཙན་པོའི་ཡར་སྔོན་གྱི་སྐོར་ལ་འཆད་རྒྱུ་མང་པོ་མེད་པར་ཤོག་སྟོང་མ་ཡིན་པ་ཙམ་ལས་མ་མཆིས།  སྲོང་བཙན་སྒམ་པོའི་ཡན་ཆད་རྒྱལ་པོ་རིམ་བྱོན་གྱི་མིང་གི་གོ་རིམ་ཙམ་ལས་གཞན་ཅི་ཡང་བགྲང་རྒྱུ་མེད་པ་དང་།   ཐུབ་པའི་བསྟན་པ་འཕགས་ཡུལ་ནས་བོད་དུ་མ་དྲངས་གོང་བོད་བསིལ་བའི་ལྗོངས་འདི་ཤེས་རིག་གི་སྒྲོན་མེ་མ་སྦར་བའི་མུན་ཀློང་ཀླ་ཀློའི་ཡུལ་གྲུར་བརྗོད་པ་ལྟ་བུ།   མི་རིགས་སྤྱིའི་མཐོ་ཚད་ལ་འཛེགས་མ་ནུས་པར་བྱེ་བྲག་རང་གི་གྲུབ་མཐའི་འདོད་ཞེན་དུ་བྱིང་ནས་དོན་དངོས་ལས་རིང་དུ་ཆས་པའི་ལོ་རྒྱུས་བྲིས།   དགེ་འདུན་ཆོས་འཕེལ་ནས་བྱེ་བྲག་རང་ཞུགས་པའི་གྲུབ་མཐའ་ལ་དད་མོས་གཞན་ལས་མི་དམན་པ་ཞིག་ཡོད་རུང་།   མི་རིགས་སྤྱིའི་ལོ་རྒྱུས་ཞིབ་འཇུག་གནང་སྐབས་མིག་རྒྱང་དེ་གུ་དོག་པའི་གྲུབ་མཐའི་ཡོལ་བས་སྒྲིབ་མེད་དེ།  དཔེར་ན།  བོད་རྒྱལ་རབས་ཀྱི་གཞི་རྩའི་ཐ་སྙད་དཔྱད་པ་ལས་བོད་ཅེས་པའི་ཐ་སྙད་དཔྱད་སྐབས།   གཡུང་དྲུང་བོན་གྱི་འདོད་བཞེད་དེ།   ཐོག་མར་བོན་གྱི་ཡུལ་ཞེས་གྲགས་པ་ལ་རྗེས་སུ་བོད་ཀྱི་ཡུལ་ཞེས་ཟུར་ཆགས་པ་ཡིན་པའི་བཤད་སྲོལ་ལ།  སྔོན་བྱོན་མཁས་པ་གཞན་ལྟར་སྣང་མེད་དུ་མ་འཕངས་པར།   བོད་དང་བོན་གཉིས་དོན་གཅིག་གོ་བྱ་བ་འདི་ངེས་པར་བཞད་གད་སློང་བའི་གཏམ་དུ་སྣང་མོད་ཀྱི།   ཅུང་ཟད་ཅིག་བསམ་དགོས་པ་ཡང་ཡིན་ཏེ།   དེ་ཡང་རྗེ་གནམ་རི་སྲོང་བཙན་ཡན་ཆད་ལ།   འདི་ཡུལ་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས།   མིང་དེ་སྐད་གྲགས་ཀྱང་ཡ་མཚན་རྒྱུ་ཆེར་མེད་ལ།   རྒྱ་ནག་རྣམས་སྔོན་དུས་སུ་བོད་ཡུལ་ལ་ཕོན་གྱི་ཡུལ་ཞེས་འབོད་པ་ཡང་བོན་ཞེས་བྱ་བའི་སྒྲ་དང་ཉེ་བས་སོ།།   ཞེས་ཀུན་གྱི་རྣ་ལམ་དུ་གསལ་འདེབས་བྱས་པ་དང་།   གཞན་ཡང་ཆོས་རྒྱལ་སྲོང་བཙན་གྱི་ལོ་ཚིགས་དཔྱད་སྐབས་གཡུང་དྲུང་བོན་གྱི་གནའ་གཞུང་བྱམས་མ་གཙིགས་བཟུང་སྟེ་རྒྱབ་རྟེན་གྱི་ལུང་ཁུངས་ཡང་དག་ཏུ་བཅོལ་བ་སོགས་ཞིབ་འཇུག་གི་གཞི་རྐང་རིགས་སྤྱིའི་མཐོ་ཚད་དུ་བཙུགས་ཤིང་བྱེ་བྲག་གྲུབ་མཐའ་ཕྱོགས་ལྷུང་དུ་མ་སོང་བ་ནི།   སྐབས་དེ་དང་ཁོར་ཡུག་དེར་མཚོན་ན་ཇི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་།   ཁོང་གི་ཞལ་ནས་ཀྱང་།   ཐ་ན་བོད་ཀྱི་ངག་སྒྲོས་ཚུན་ཆད་ནས་ཀྱང་བླངས་ཏེ།   ཐོས་པ་ཆུང་བས་འོལ་ཚོད་དང་།   ཕྱོགས་ལྷུང་གི་གཅམ་བུ་ལ་སོགས་པའི་དྲི་མས་མ་གོས་པར་བྲིས་པའི་ཁུལ་དུ་ལགས་པས།   གཟུར་གནས་དཔྱོད་ལྡན་འདྲ་ཡོད་ན་དགྱེས་པའི་མཆོད་ཡོན་དུ་ཡང་ཆེའི་སྙམ་ཞེས་གསུངས་པ་དང་།   ཁོང་གིས་བརྩམས་པའི་བོད་ཀྱི་རྒྱལ་རབས་ཀྱི་མཚན་དུའང་ས་དགེ་བཀའ་རྙིང་བོན་སོགས་ཀྱི་གྲུབ་མཐའི་ཕྱོགས་ཞེན་གྱི་དྲི་མས་མ་བསྒྲིབ་པར་དཀར་པོ་གངས་ཀྱི་མཐུན་ཆོས་སུ་དེབ་ཐེར་དཀར་པོཞེས་དགོངས་གཞི་དགོས་པ་ཅན་གྱི་མཚན་འདི་གསོལ་བའོ།།

     མ་གཞིར་བསིལ་ལྡན་བོད་ཀྱི་གྲུབ་མཐའ་མཆིས་སོ་ཅོག་ནི་ཡུལ་རང་གི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པས་ན།   བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པའི་གཞི་ཁྱོན་དུ་སོ་སོའི་གོ་གནས་དང་རིམ་ཐང་འདྲ་མཉམ་དུ་ཡོད་ལ།   ཚན་རིག་རང་བཞིན་གྱི་ཞིབ་འཇུག་ཅིག་ཡིན་ཚད་དེ་ལ་བཟང་ངན་དང་མཐོ་དམན་གྱི་ཁྱད་མེད་དོ།།

     གསུམ།   ལྟ་བ་དང་དཔྱད་པ་ཟུང་དུ་སྦྲེལ་བ། 

     ཚན་རིག་གི་ཞིབ་འཇུག་ཐད་རང་ལྟ་མཆོག་འཛིན་ནམ་ལྟ་བ་མཁྲེགས་འཛིན་ནི་ཞིབ་འཇུག་གི་གཤེད་མར་བརྩིས།   ལོ་རྒྱུས་ཞིབ་འཇུག་ཀྱང་དེ་ལྟར་ཡིན་ཏེ།   བཅོས་སྒྱུར་མཁན་པོའི་སྨྱུག་རྩེར་མ་རེག་པའི་དཔྱད་ཡིག་གདོད་མ་ཅན་དང་།  གནའ་རྫས།   འགྱུར་རྡོ་སོགས་གནའ་རྫས་རྟོག་ཞིབ་རིག་པའི་ཁྱབ་ཁོངས་སུ་གྱུར་པ་རྣམས་ཆེས་གལ་ཆེ་བའི་གོ་བབ་བཟུང་བ་བཞིན།  དེ་དག་ཡང་ནས་ཡང་དུ་རྙེད་སྲིད་པ་དང་ཆབས་ཅིག་ཏུ་རྟོག་ཞིབ་བྱེད་པའི་ཉམས་མྱོང་དང་དེ་བསྟུན་གྱི་འཕྲུལ་ཆས་སམ་ལག་རྩལ་ཕུན་ཚོགས་སུ་འགྲོ་བས་ན།   ལོ་རྒྱུས་ཀྱི་གནད་དོན་རེ་ཟུང་སྔོན་ཐག་བཅད་ཟིན་ནས་ཀུན་གྱི་བློ་ངོར་གྲུབ་པ་རྣམས་སླར་ཡང་སྐྱོན་འབེབ་ཚེ།   ཡང་དག་དཔྱད་པའི་རྗེས་སུ་འབྲང་དགོས་པ་ལས་སྔོན་ཞེན་གྱི་ལྟ་བའམ་འདོད་ཚུལ་མཁྲེགས་འཛིན་བྱ་མི་རིགས།   ལྟ་བ་དང་དཔྱད་པ་གཉིས་ནམ་ཡང་ཟུང་དུ་འབྲེལ་དགོས་པ་ལས་ཡ་བྲལ་མི་རུང་སྟེ།   རང་རེའི་མིག་སྔའི་ཞིབ་འཇུག་ཁྲོད་སྣང་ཚུལ་འདིའི་སྐོར་མང་པོ་ཡོད་པ་དཔེར་ན།   སྲོང་བཙན་སྔོན་དུ་ཡི་གེ་ཡོད་མེད་སྐོར་ལ་ཞིབ་འཇུག་པ་རེ་ཟུང་གིས་སྲོལ་རྒྱུན་གྲགས་རྒྱ་ཅུང་ཆེ་བའི་ཐུ་མིས་ཡི་གེ་གསར་བཟོ་བྱས་པའི་སྐོར་གྱི་ལྟ་བའམ་བཞེད་ཚུལ་ཟོ་ཆུན་མཁྱུད་མོ་ལྟར་བཟླས་ཏེ་སྔོན་ཞེན་ལྟ་བ་མཁྲེགས་འཛིན་བྱེད་པ་ལས།   སྲོལ་རྒྱུན་བོན་གྱི་བཞེད་ཚུལ་ལམ་ཕྱིས་བྱོན་ནམ་མཁའི་ནོར་བུ་སོགས་ཀྱི་སྲོང་བཙན་སྔོན་གྱི་ལོ་ངོ་སྟོང་ཕྲག་ཟུང་གི་ཡན་ཙམ་ན་བོད་ལ་ཡི་གེ་ཡོད་པ་སྨྲ་བ་ལྟ་བུ་ལུང་རིགས་བརྒྱ་ཕྲག་གིས་དཔྱད་བཟོད་པའི་ལྟ་བ་ཁས་མི་ལེན་པའམ་ཡང་ཅི་མི་སྙམ་པར་འཕེན་པར་བྱེད།   འདི་ནི་ཞིབ་འཇུག་པ་ཞིག་ལ་མཚོན་ན།   ལྟ་བའི་སྔོན་དུ་དཔྱད་པ་མ་སོང་བ་དང་ལྟ་དཔྱད་ཡ་བྲལ་བའི་སྣང་ཚུལ་ཞིག་ཡིན།   ཆོས་རྒྱལ་སྲོང་བཙན་སྔོན་ལ་ཡི་གེ་མེད་པར་སྨྲ་བའི་ལྟ་བ་ནི།   ཡི་གེ་བྱུང་འཕེལ་གྱི་ཆོས་ཉིད་དང་འགལ་ལ།  ལོ་རྒྱུས་དང་གཏན་ཚིགས་གཅིག་མཐུན་མི་ཡོང་བའི་སྐྱོན་ཡང་འབབ།   ཐུ་མིས་ཡི་གེ་གསར་བཟོ་བྱས་ཐོག་རྒྱ་གཞུང་གླེགས་བམ་བཞིན་དུ་བསྒྱུར་ཞེས་བརྗོད་ན།   ཐུ་མི་སྤྲུལ་པའི་སྐྱེས་བུ་ཡིན་ཞེས་བརྗོད་པ་ལས་རང་གའི་སོ་སྐྱེའི་ཀྱི་བློར་མི་ཤོང་ཐག་ཆོད་ཡིན།  སྤྱིར་ཡི་གེ་གསར་བཟོ་བྱས་ཕྱིན་རང་རྐྱ་འཕེར་བའམ་འཐུས་སྒོ་འཚང་བའི་རྒྱུད་རིམ་ཞིག་མ་མཐའ་ཡང་ཡོད་དགོས།   གལ་སྲིད་རྒྱུད་རིམ་དེ་ལ་དོ་སྣང་མི་བྱེད་པར་ཡི་གེ་བཟོས་རྗེས་བརྡ་སྤྲོད་ཀྱི་བསྟན་བཅོས་བརྒྱད་བརྩམས།   དེ་ནས་རྒྱ་གཞུང་གླེགས་བམ་བཞིན་བོད་དུ་བསྒྱུར་ཞེས་ཨུ་ཚུགས་སུ་བྱས་ན།   ལྟ་བ་དེ་ལ་གཏན་ཚིགས་རང་བཞིན་གྱི་དཔྱད་པ་མེད་པའི་མཚང་སྟོན་པ་ལས་གཞན་ཅི་ཡང་ངོམས་རྒྱུ་མེད།   མི་རིགས་གང་ཞིག་ཡིན་རུང་དེའི་བརྡ་སྤྲོད་ཀྱི་བསྟན་བཅོས་ཐར་ཆགས་སུ་ཡོང་བའི་སྔོན་དུ་རྨང་གཞིའི་བརྡ་དང་ཡི་གེར་འཕེལ་རྒྱས་ཡོང་བའི་དུས་རིམ་ངེས་ཅན་ཞིག་ཡོད་པ་རྩོད་མེད་ཡིན།   གནའ་རྫས་རྟོག་ཞིབ་རིག་པའི་ཕྱོགས་ནས་བརྗོད་ན།   བོད་ལྗོངས་སྐད་ཡིག་ཨུ་ཡོན་ལྷན་ཁང་གི་ཞིབ་འཇུག་མི་སྣ་གནའ་བོ་ཞང་ཞུང་གི་ཤེས་རིག་དར་གནས་སྟོད་མངའ་རིས་སུ་རྟོག་ཞིབ་ཏུ་ཕེབས་དུས།   ལོ་སུམ་སྟོང་སྔོན་གྱི་ཞང་ཞུང་ཡི་གེ་སྨར་ཡིག་རྙེད་པ་དང་བརྡ་སྤྲོད་པོད་གཅིག་ཀྱང་ལག་ཏུ་སོན་པས་ན།   སྲོང་བཙན་སྔོན་ལ་ཡི་གེ་ཡོད་པ་ཚན་རིག་རང་བཞིན་གྱི་ར་སྤྲོད་བྱས་པའོ།།   དགེ་འདུན་ཆོས་འཕེལ་ནས་ཡི་གེ་ཡོད་མེད་སྐོར་ལ་སྔོན་ཞེན་གྱི་ལྟ་བ་ཨུ་ཚུགས་སུ་མ་བསྒྲུབས་པར།   གཡུང་དྲུང་བོན་གྱི་འདོད་ལུགས་ཏེ་སྟག་གཟིག་སྤུངས་ཡིག་ཞང་ཞུང་ཡིག་རྒན་དུ་འགྱུར།   དེ་སྨར་བྲག་ཏུ་འགྱུར།   དེ་རིམ་གྱིས་དབུ་ཅན་དང་འབྲུ་མར་འགྱུར་ཞེས་པའི་སྐབས་སུ་གང་བབས་ཐད་ཀར་དཔྱད་གཞིར་བཀོད་པ་ལས།   ལྟ་བ་བཙན་དུ་བཟུང་སྟེ་དཔྱད་པ་ཕུ་ཐག་ཆོད་པ་ཞིག་མ་སོན་གོང་ཡིན་མིན་གྱི་ཤན་མ་ཕྱེ་བ་ནི།   དོན་གྱི་མཁས་པའི་དགོངས་གཞི་ཡི་རང་སྐྱེ་འོས་པ་ཞིག་མ་རེད་དམ།

     བཞི།  ལོ་རྒྱུས་དང་དངོས་དོན་ཟུང་དུ་སྦྲེལ་བ།

     བདེན་པ་དོན་དུ་གཉེར་རྒྱུ་ནི་ཞིབ་འཇུག་གི་རྩ་དོན་ཡིན་པས།   དངོས་དོན་ལོ་རྒྱུས་ལ་སྒྲུང་རྩོམ་ལྟར་རྟོག་བཏགས་ཀྱི་དྲི་མས་སྒྲིབ་མི་རུང་།   དབྱིན་ཇིའི་ལོ་རྒྱུས་སྨྲ་དབང་ཁཱ་ཨིས།   ལོ་རྒྱུས་མཁན་པོའི་འོས་འགན་ནི་དངོས་དོན་ལོ་རྒྱུས་ལྟར་ལོ་རྒྱུས་འབྲི་རྒྱུ་དེ་ཡིན།   ཞེས་གསུངས་པ་ལྟར་ཡིན་དགོས་མོད།   རང་རེའི་ལོ་རྒྱུས་ཡིག་ཚང་མང་པོར་རྟོག་བཏགས་ཀྱི་སྐྱོན་གྱིས་བསླད་ཡོད། དཔེར་ན།   རྒྱལ་རབས་གསལ་བའི་མེ་ལོང་དུ།   མགར་སྟོང་བཙན་གྱིས་རྒྱ་ནག་ཁྲང་ཨན་ནས་ཀོང་ཇོ་བཙན་པོའི་ཁབ་ཏུ་བསུས་ཆེད་བློ་རྩལ་འགྲན་ཚུལ་སོགས་གཏམ་རྒྱུད་མཚར་ལ་རིང་བ་བྲིས་ཏེ།   དངོས་དོན་ཆོས་རྒྱལ་སྟོབས་ཀྱིས་ཁ་ལོ་བསྒྱུར་ཚུལ་སོགས་ལོ་རྒྱུས་གལ་འགངས་ཆེ་བ་རྣམས་མ་བྲིས།   ཚུལ་དེའི་ཕྱིས་བྱོན་ལོ་རྒྱུས་མཁན་པོའི་མིག་དཔེར་སོང་སྟེ་མཚར་མཚར་གཏམ་གྱིས་རྒྱལ་རབས་དེབ་ཐེར་བརྒྱན་པར་བྱས་ནས་དངོས་དོན་ལོ་རྒྱུས་མོག་པོར་བྱས།   དགེ་འདུན་ཆོས་འཕེལ་ནས་བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་མཁན་པོ་དག་གི་སྐྱོན་དེ་སྐྱོན་དུ་གོ་ནས་ཐེར་འདོན་བྱས་པ་དཔེར་ན།   རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་རུ།    དེ་ལ་རྒྱལ་པོས་རྫུ་འཕྲུལ་གྱིས་ཤིང་ཐམས་ཅད་དམག་ཏུ་འགྱུར།   རྡོ་བ་ཐམས་ཅད་རྟར་འགྱུར།   དེ་ཐམས་ཅད་ཆུ་ཆེན་རྨ་ཆུའི་སྟེང་ནས་ཕར་ལ་རྩྭ་འཇག་མ་གཅིག་གིས་ཟམ་པ་བྱས་ནས་སོང་བྱ་བ་སོགས་ལོ་གཅིག་ལ་བསྒྲུབས་དགོས་པ་རྣམས་ཉིན་གཅིག་ལ་གྲུབ།   མི་སྟོང་གིས་བྱེད་དགོས་པ་རྣམས་མཛུབ་མོ་གཅིག་གིས་བྱས་པ་སོགས་ངོ་མཚར་ཧར་ཆེན་པོའི་གཏམ་རྒྱུད་སྨྲས་ན།  བླུན་པོ་རྣམས་ལ་ཅི་བས་ཀྱང་ངོ་མཚར་སྐྱེས་ནས་འཁོར་གྱི་ནང་དུ་འུར་སྒྲ་དང་།   བཞད་གད་དང་མིག་ཆུ་འདོན་པ་མང་དུ་འོང་།   རྟའི་ལོ་ལ་བཙན་པོ་འོན་ཅང་དོ་ན་བཞུགས།    གར་ལོག་གི་ཕོ་ཉས་ཕྱག་འཚལ།   རྔ་མོང་དང་།   བ་ལང་མང་པོ་ཕྱག་ཏུ་ཕུལ།   སྟོད་སྨད་ཀྱི་རྐུན་མ་བཏུལ་སོགས་སྨྲས་ཚེ།   མིའི་ལོ་རྒྱུས་ས་སྟེང་དུ་བྱུང་བ་དེ་ཡིན་པ་ཤེས་ནས།   ཉན་མཁན་གྱི་བླུན་པོ་ཉུང་དུ་འགྲོ་སྐབས།   ཐམས་ཅད་ཀྱིས་སྔ་མ་བདམས་ནས་གཅིག་ལས་གཅིག་ངོ་མཚར་ཆེ་བའི་གཏམ་རྒྱུད་སྤེལ་བའི་ཐབས་ལ་འབད་པས།   དུས་བསྒྲིགས་པའི་རྒྱལ་རབས་དངོས་རིན་ཐང་ཅི་ཡང་མེད་པར་བྱས་སོ་ཞེས་གསུངས།   དེ་དང་དེ་བཞིན་དགེ་འདུན་ཆོས་འཕེལ་ནས་སྲོལ་རྒྱུན་ལོ་རྒྱུས་མཁན་པོ་ཕལ་མོ་ཆེའི་དངོས་དོན་ལོ་རྒྱུས་རྟོག་བཏགས་ཀྱིས་བསླད་པའི་གཤིས་དེ་གོ་ནས་རང་གི་ལོ་རྒྱུས་ཞིབ་འཇུག་ཁྲོད་དུ་རྩ་དོན་འདི་བཀོད་དེ།   བླུན་པོ་ངོ་མཚར་བསྐྱེད་པའི་ཧར་གྱི་གཏམ།།   ཆེན་པོའི་ངོ་བསྲུང་བརྩེགས་པ་གཅལ་བུའི་ཚིག།   དད་པའི་འཁུན་བུ་སློང་བའི་སྒྲུང་གཏམ་དག།   རིང་དུ་སྤངས་ཏེ་དྲང་པོའ་ལམ་ལ་ཞུགས།།   ཞེས་བརྗོད་པ་དང་།  རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་རུ།    རིག་གནས་སྐོར་གྱི་བློ་བསྐྱེད་ཅི་ཡོད་ཕྱོགས་གཅིག་དུ་བསྡུས་ནས།   འོལ་ཚོད་ཀྱིས་ཡིན་ཐག་བཅད་པ་དང་།   མང་པོ་ཞིག་ལ་མགུ་བ་བསྐྱེད་པའི་སླད་དུ་ཁུངས་མེད་ཀྱི་གཏམ་རྒྱུད་ཆེས་མཚར་མཚར་བ་དག་བྲི་བ་དང་།   གཞན་གྱི་ངོ་བསྲུང་དྲགས་ཏེ་གཏམ་བདེན་པ་ཡང་སྨྲ་བའི་སྤོབས་པ་མེད་པར་རང་གི་རྩམ་ཁུག་བསྲུང་བའི་ཆེད་དུ་ཡིན་མིན་གྱི་དབྱེ་གསལ་ཐམས་ཅད་བཏང་སྙོམས་སུ་བཞག་ནས་ཇོ་བཟང་གི་མིང་ལ་རེ་བ་སོགས་དོར་ཏེ།   ཤེས་རབ་ཅན་གྱི་སྐྱེས་བུ་བློ་གཟུ་བོར་གནས་པ་འགའ་ཞིག་ཁོ་ནའི་ཆེད་དུ་དཀྱུས་མའི་གླེང་མོ་བཞིན་དུ་གང་རྙེད་པ་སྐབས་སྐབས་སུ་བཅུག་སྟེ་གླེགས་བམ་ཞིག་བྱེད་པ་འདོད་དོ་ཞེས་ཁ་ཞེ་གཉིས་དོན་དུ་གནས་པར་བྱས་སོ།།

     མཇུག་བསྡུ་བ། 

     ང་ཚོས་ལོ་རྒྱུས་མཁན་པོ་ཆེ་གེ་མོ་ནི་ལོ་རྒྱུས་མཁན་པོ་གཞན་ལས་འཕགས་ཞེས་བསྙད་པའི་རྒྱུ་མཚན་ནམ་ཚད་གཞི་ཡང་སྙིང་ཇི་འདྲ་ཞིག་ཏུ་ངོས་འཛིན་དགོས་སྙམ་ན།   ལོ་རྒྱུས་མཁན་པོ་གང་དེས་ལོ་རྒྱུས་ཀྱི་དོན་གནད་ཡང་དག་ཏུ་འཁྲོལ་ཐུབ་ཡོད་པ་ཙམ་གྱིས་མིན་ཏེ།   ལོ་རྒྱུས་ཞིབ་འཇུག་གི་ལས་ལ་ཡང་དག་པའི་ཚད་གཞི་ཞིག་ལོན་ཡོད་པས་ཡིན་ནོ།།    དེ་ཡང་གསལ་པོར་བཤད་ན་གོ་བ་གཉིས་འདུས་ཏེ།  གཅིག་ནི་ལོ་རྒྱུས་མཁན་པོ་རང་གནས་པའི་སྤྱི་ཚོགས་དང་སྤྱི་ཚོགས་དེར་གནས་ཀྱི་གོ་བབ་ཀྱི་འཆིང་རྒྱ་ལས་འགོང་ནུས་ཡོད་པའི་མིག་རྒྱངས་མངའ་བ་དང་།  གཉིས་ན་འཆིང་རྒྱ་ལས་གྲོལ་བའི་མིག་རྒྱངས་དེ་མ་འོངས་པ་ལ་ཕྱོགས་ཐུབ་པ་དེ་ཡིན།  འཆིང་རྒྱ་ལས་འགོངས་པའི་མིག་རྒྱངས་ཡོད་ན་བཟོད་ལོ་རྒྱུས་ངོས་འཛིན་གཏིང་ཟབ་འགྲོ་ཐུབ་པ་དང་།   དེ་བསྟུན་གྱི་ལྟ་བའང་དུས་ཡུན་ཇི་ཙམ་འགོར་རུང་དཔྱད་བཟོད་པ་མ་ཟད་ནམ་ཡང་དགེ་མཚན་གྱིས་ཕྱུག་པའོ།།   འཆིང་རྒྱ་ལས་འགོངས་པ་ནི་ལས་སླ་མོ་ཞིག་མིན་ཏེ།   ལོ་རྒྱུས་མཁན་པོ་ནི་སྐབས་དེའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་ཐོན་དངོས་ཡིན་པ་དང་།   བྲིས་པའི་ལོ་རྒྱུས་ཡིག་ཚང་ཡང་སྐབས་བབ་ཀྱི་སྤྱི་ཚོགས་དང་གྲལ་རིམ་ངེས་ཅན་ཞིག་གི་རྒྱ་མི་ཐེབས་ཐབས་མེད་ཡིན།   དེས་ན་རྩོམ་འདིར་སྨྱུག་ཐོགས་པས་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ཞིབ་འཇུག་ཐབས་ལམ་བརྗོད་པར་དགོས་དབང་གིས་དགེ་ཆོས་སྔོན་གྱི་ལོ་རྒྱུས་མཁན་པོ་གསེར་རི་ཕྲེང་བ་བྱོན་པ་ལས་རེ་ཟུང་དཔྱད་བསྡུར་བྱས་པ་ལ་འདི་བསྟོད་གཞན་སྨན་དུ་སྣང་སྲིད་མོད།   དོན་དངོས་སུ་ལོ་རྒྱུས་མཁན་པོ་སོ་སོ་ནས་འཚོ་བཞེས་ཀྱི་དུས་སྐབས་དང་ཁོར་ཡུག་མི་འདྲ་བས་སྐབས་དེ་དང་ཁོར་ཡུག་དེར་སྐྱོན་མིན་རུང་ད་ལྟར་ང་ཚོས་དཔྱོད་སྐབས་སྐྱོན་དུ་སོང་བ་ཙམ་ཡིན་པས་དམའ་འབེབས་དང་འཁང་ར་བྱེད་ག་ལ་རིགས་སྙམ།   ཡབ་མེས་གོང་མས་རླངས་འཁོར་བཟོ་མ་ཤེས་པར་རྟར་ཞོན་པ་ལ།   ང་ཚོས་བཟོས་ཏེ་སྤྱོད་ཤེས་པ་ཙམ་གྱིས་ཡབ་མེས་ལ་དམའ་འབེབས་དང་འཁང་ར་མི་བྱེད་པ་བཞིན་ནོ།།    ཡང་སྒོས་སུ་ལོ་རྒྱུས་མཁན་པོ་ཕྱི་མ་ཕྱི་མ་ནི་སྔ་མ་སྔ་མ་ལ་བརྟེན་ནས་འབྱུང་དགོས་པས་ན་སྐས་ཚིགས་དང་བོ་ལས་སྐས་ཚིགས་མཐའ་མ་མཆོག་ཅེས་སུས་བརྗོད་སྲིད།   དགེ་འདུན་ཆོས་འཕེལ་སྔོན་བྱོན་ལོ་རྒྱུས་མཁན་པོ་གཞན་དང་གཞན་ལས་དུས་དང་ཁོར་ཡུག་གི་རྒྱ་ལས་འགོངས་པའི་ཡོན་ཏན་མཆིས་སྟབས།   དཔྱད་བརྗོད་ཀྱི་གོ་རིམ་ལས་བག་ཏུ་ཉར་བའི་བསམ་བློ་དེ་སྔོག་འདོན་བྱས་ནས་ཀུན་གྱི་མཐོང་ཆོས་སུ་སྤེལ་རྒྱུ་གུས་ཕྲན་གྱི་རྩོམ་འདིའི་དགོས་པ་དང་།  དགེ་འདུན་ཆོས་འཕེལ་གྱི་བསམ་བློ་དེ་ཉིད་དོན་དངོས་སུ་བོད་རིག་གནས་ཀྱི་བླ་སྲོག་ཏུ་འཁུམས་པས་ན་གཞོན་སྐྱེས་ཀུན་ནས་བླ་སྲོག་འདི་ཀོ་དུས་རབས་འདི་དང་འབྱུང་འགྱུར་བོད་རིག་གནས་ཀྱི་འཛུགས་སྐྲུན་གྱི་གསོས་སུ་འདྲེན་པའི་སྐུལ་སློང་ཞིག་ཐེབས་ཨེ་ཐུབ་བྱེད་པ་ནི་རྩོམ་འདིའི་ཉིང་དགོས་ཡིན་ནོ།།  དགེའོ།།

དཔྱད་གཞི་ཡིག་ཆ།

༡.དེབ་ཐེར་དཀར་པོསི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་དཔར་མ།

༢.དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》(པོད་གསུམབོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གི་ལྕགས་དཔར་མ།

༣.ལོ་རྒྱུས་གཡུ་ཡི་ཕྲེང་བབོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར།

 

འབྲེལ་ཡོད་རྩོམ་ཡིག
༄༅།།དགེ་ཆོས་ཀྱི་བྱད་གཟུགས་དང་གྱོན་ཆས་སོགས་ལ་དཔྱད་པ།
༄༅།།མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ལས་བསམ་བློའི་རང་བཞིན་སྐོར་གླེང་བ།
༄༅།།ཁོང་གི་ལོ་ཙཱའི་རྣམ་བཤད་སྐོར་མདོ་ཙམ་གླེང་བ།

busy
        དཔྱད་བརྗོད་ཀྱི་ནང་དོན་གསལ་མངོན། ཡིབ་སྐུང་།
རྩོམ་སྒྲིག་འགན་ཁུར་བ།  ངག་དབང་།
རྩོམ་ཡིག་ཡོང་ཁུངས།  ཀྲུང་གོའི་བོད་རིག་པའི་དྲ་བ།