༄༅།། སྔོན་བྱོན་དམ་པའི་རྒྱལ་གཅེས་ལ་རྒྱ་སེམས་ལ་བཅངས། ། སྔོན་བྱོན་དམ་པའི་མཛད་གཞུག་མཇུག་སྐྱོང་གང་ལེགས་ཞུ། །


 
སྤེལ་དུས།    2013-01-16    ཀློག་གྲངས།1470 ཆེ། འབྲིང་། ཆུང་།

——གྲགས་ཅན་མཁས་པའི་དབང་པོ་དང་རྒྱལ་གཅེས་སྙན་ངག་མཁས་ཅན་ཚ་སྤྲུལ་ངག་དབང་བློ་བཟང་མཆོག་སྐུ་ཞིང་དུ་གཤེགས་ནས་ལོ་ངོ་༥༥འཁོར་བར་དྲན་གསོ་ཞུ།

ཉེ་བའི་ལོ་བརྒྱ་ལྷག་ཙམ་གྱི་དུས་ཚོད་ནང་། དབྱིན་ཇིའི་བཙན་འཛུལ་ལ་རྒོལ་འགོག་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ། ཁ་འཕྲལ་ཕྱིར་བཤོལ་ལ་ངོ་རྒོལ། སྤྱི་ཚོགས་ཡར་རྒྱས་ཡོང་འགྱུར་བརྩོན་ལེན་བཅས་ཀྱི་ཆེད་དུ་ས་མཐོའི་བུ་ཕྲུག་ཁྲི་སྟོང་མང་པོས་དཔའ་ངར་ཆེན་པོས་འཐབ་བརྩོན་བྱས་པ་དང་། དྲང་བདེན་གྱི་ལ་རྒྱ་ཆེས་ཆེར་བཅང་བ། བློ་སྟོབས་ཞུམ་པ་མེད་པའི་ངང་ནས་གཅིག་ཤུལ་གཉིས་འབྲང་བྱས་པ་བཅས་ཀྱིས་མི་སེམས་མགུ་བར་ནུས་པའི་དཔའ་བོའི་མཛད་རྗེས་ཀྱི་རྣམ་ཐར་དང་། ལོ་རྒྱུས་ཀྱི་རིས་མོ་ལེགས་པར་བཀོད་ཡོད། ཚ་སྤྲུལ་ངག་དབང་བློ་བཟང་ནི་དེའི་གྲས་ཀྱི་འཐུས་མི་ཞིག་རེད། དམ་པ་དེ་ནི་ལོ་ངོ་༥༥གོང་གི་སྤྱི་ལོ་༡༩༥༧ལོར་བོད་ཀྱི་བཙན་རྒོལ་རྒྱལ་གཅེས་དང་ཁ་འཕྲལ་ཕྱིར་བཤོལ་གྱི་འཐབ་རྩོད་ཧ་ཅང་ཛ་དྲག་པའི་དུས་བབ་འོག་བླ་མ་སྨྱོན་པ་ཟེར་བས་འཇབ་རྡུང་རྒྱབ་པར་བརྟེན་སྐུ་གཤེགས་པའི་གྲགས་ཅན་མཁས་པ་དང་རྒྱལ་གཅེས་སྙན་ངག་མཁས་ཅན་ཞིག་རེད།

དང་པོ། དམ་པ་དེས་བོད་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་གོང་འཕེལ་གཏོང་ཆེད་འབད་བརྩོན་ལྷོད་མེད་གནང་བ།

ཚ་སྤྲུལ་ངག་དབང་བློ་བཟང་ནི་བོད་རབ་འབྱུང་བཅོ་ལྔའི་ལྕགས་འབྲུག་ལོ་༼སྤྱི་ལོ་༡༨༨༠ལོ་༽ལ་གཞིས་རྩེ་བདེ་ལེགས་རབ་བརྟན་པའི་ཁྱིམ་དུ་སྐུ་འཁྲུངས་པ་དང་། དེ་སྔོན་མཚན་ལ་པད་མ་རྒྱལ་པོ་ཞུ་བ་ཡིན།[1]དམ་པ་དེ་དགུང་ལོ་ཆུང་དུས་ནས་གཞན་དང་མི་འདྲ་བའི་རིག་པ་རྣོ་བ་དང་། སྤྱང་གྲུང་འཛོམས་པོ་ཡོད། ལོ་ལྔ་ལ་ཕེབས་དུས་དགའ་ལྡན་ཁྲི་པ་སེར་སྨད་ཚ་བ་སྤྲུལ་སྐུ་བློ་བཟང་དགེ་ལེགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཞུས་པ་དང་། སེ་ར་དགོན་པའི་ཚ་བ་ཁམས་ཚན་དུ་ཆོས་སྒོར་གཞུག་པ་གནང་། ལོ་དྲུག་ལ་སེ་ར་དགོན་པར་ཁྲི་འདོན་ཞུས་ནས་ཚ་སྤྲུལ་རིན་པོ་ཆེ་ཞེས་ཞུ་བ་དང་། སེ་རའི་ཚོགས་ཆེན་སྤྲུལ་སྐུའི་[2]ཐོབ་ཐང་ཡོད།

དམ་པ་དེ་དགུང་ལོ་ལྔ་དྲུག་ནས་འགོ་བཙུགས་ཏེ་ཡི་གེ་འབྲི་ཀློག་དང་ཕྱག་དཔེ་ངག་སྐྱོར་གནང་། ཆུང་དུས་ནས་ཕྱག་དཔེ་འདོན་ཀློག་གནང་རྒྱུར་སྤྲོ་བ་ཆེ་ཞིང་སློབ་སྦྱོང་ལ་འབད་བརྩོན་གནང་བ་ཡིན། དམ་པ་དེས་སེར་སྨད་ཡེར་པ་ཁམས་ཚན་གྱི་དགེ་བཤེས་མིང་འདོགས་ལ་གོ་ལོག་ཞུ་བ་ལས་མཚན་ཉིད་གསན་པ་དང་། སེར་བྱེས་ཧར་གདོང་དགེ་བཤེས་ཧར་ཆེན་ལགས་ལས་སུམ་རྟགས། ཅོ་ནེ་དགེ་བཤེས་བློ་བཟང་རྒྱ་མཚོ་ལས་སྙན་ངག་སོགས་གསན་པ་དང་། དེ་ནས་རིམ་བཞིན་མཁས་པ་མང་པོའི་ཞབས་ལ་གཏུགས་ནས་གཞུང་ཆེན་ལྔ་དང་མདོ་སྔགས་རིག་གནས་སོགས་ལ་མཁས་པར་སྦྱངས། དགུང་ལོ་ཉེར་གཅིག་[3]སྐབས་ལྷ་རམས་དགེ་བཤེས་མཚན་བཏགས་བཞེས་ཐོག་རྒྱུད་སྨད་གྲ་ཚང་དུ་མུ་མཐུད་སྦྱང་བརྩོན་གནང་། དེ་རྗེས་བོད་ཀྱི་ས་གནས་ཁག་ལ་ཕེབས་ནས་སླར་ཡང་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་རིག་གནས་དང་། ལོ་རྒྱུས། སྙན་ངག གསོ་རིག སྐར་རྩིས། སོགས་རིག་གནས་སྣ་ཚོགས་ལ་སྦྱང་བརྩོན་གནང་། ལྷག་པར་དུ་རྩོམ་རིག་དང་། སྙན་ངག བོད་ཡིག་སུམ་རྟགས་སོགས་ལ་འབད་པ་ལྷོད་མེད་གནང་བས་མིང་དོན་མཚུངས་པའི་མཁས་དབང་དུ་གྱུར། དེ་རྗེས་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་མཆོག་གིས་ཁོང་ལ་སྐུ་ཡོན་ཆེན་པོ་འདུག་ཅེས་བསྔགས་བརྗོད་གནང་བ་མ་ཟད། པཎ་ཆེན་སྐུ་ཕྲེང་དགུ་པའི་མཚན་ཞབས་སུ་གྱུར། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་དམ་པ་དེའི་གནས་ཚུལ་མཁྱེན་ཚོར་བྱུང་རྗེས་བསྐོང་འགུགས་གནང་ནས་མཚན་ཞབས་དང་སྐུ་སྒེར་གྱི་དྲུང་ཡིག་གཅིག་ལྕོགས་ལ་བསྐོ་གཞག་མཛད་པ་དང་། དམ་པ་དེ་ནི་མདོ་སྔགས་རིག་གནས་ལ་མཁས་པ་ཡིན་ཞེས་བསྔགས་བརྗོད་དང་ཐུགས་བརྩེ་ཆེ་བར་མཛད།

དམ་པ་དེས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་མཚན་ཞབས་གནང་རིང་། ཏཱ་ལའི་བླ་མའི་ཞབས་ཕྱིར་མེས་རྒྱལ་ནང་ཁུལ་དུ་བསྐྱོད་པ་དང་། པེ་ཅིང་སོགས་ས་གནས་སུ་ལོ་ངོ་ལྔ་ཙམ་བཞུགས་མྱོང་ལ། བོད་དུ་ཕྱིར་ལོག་གྲུབ་རྗེས་མཁས་དབང་ཆེན་པོ་ཤེས་རབ་རྒྱ་མཚོ་རིན་པོ་ཆེ་དང་ལྷན་དུ་བཀའ་བསྟན་འགྱུར་ཞུས་དག་མཛད་མྱོང་བས་སྙན་པའི་གྲགས་པ་གངས་ལྗོངས་ས་མཐོར་ཁྱབ་ཅིང་། སློབ་དཔོན་དུ་བསྟེན་མིའང་གྲངས་ལས་འདས་པ་བྱུང་། རྗེས་སུ་དམ་པ་དེས་ཏཱ་ལའི་བླ་མའི་སྐུ་བཅར་གཟིམས་དཔོན་མཁན་པོའི་ཐུགས་འགན་བཞེས། དམ་པ་དེས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་བཀའ་མངགས་ལྟར་རི་པིན་དུ་བཀའ་ཆོས་གནང་བར་ཕེབས་མྱོང་བ་དང་། བཀའ་མངགས་ལྟར་བོད་སྡོད་ལུའུ་ཅུན་གྱི་མི་སྣ་ཞི་བའི་ངང་ཐག་གཅོད་བྱེད་པའི་ཕྱག་ལས་ཀྱང་གནང་མྱོང་ཡོད། ཏཱ་ལའི་བླ་མ་སྐུ་ངོ་མས་བཀའ་གནང་སྟེ་ལྷ་སའི་དགོན་གསེབ་ཤར་གྱི་ཁང་གཞིས་སྒོ་ར་ཕྱི་ནང་དང་བཅས་པ་དམ་པ་དེར་གསོལ་རས་གནང་། དམ་པ་དེས་རྗེས་སུ་ཉང་བྲན་ཕ་བོང་ཁའི་མཁན་པོ་མཛད་པ་དང་དེ་རྗེས་གོ་མིན་ཏང་ལྷ་ས་སྐྱིད་སྡོད་པའི་སློབ་གྲཱའི་བོད་ཡིག་དགེ་རྒན་གནང་བ་སོགས་ཕྱག་ལས་མང་དག་གནང་ཡོད།

གཉིས་པ། དམ་པ་དེས་བོད་ཀྱི་ཡར་རྒྱས་གོང་འཕེལ་དོན་དུ་ནུས་ཤུགས་ཡོད་དགུ་རྩལ་སྒྲུབ་འདོན་སྤེལ་གནང་བ།

སྤྱི་ལོ་༡༩༥༡ལོར་བོད་ཞི་བས་བཅིངས་འགྲོལ་ཐོབ་པ་དང་ལོ་དེ་གའི་དགུན་ཁར་ཚ་སྤྲུལ་ངག་དབང་བློ་བཟང་དགུང་ལོ་༧༢ལ་ཕེབས་པ་ཡིན་ནའང་རང་མོས་ངང་གསར་བརྗེའི་ཕྱག་ལས་ནང་གཞུག་གནང་མཛད། ཀྲུང་གུང་བོད་ཀྱི་ཏང་གི་ལོ་རྒྱུས་ལ་འཁོད་པ་ལྟར་ན། སྤྱི་ལོ་༡༩༥༢ལོའི་ཟླ་༢ཚེས་༡༠ཉིན་བོད་དམག་ཁུལ་ཁང་གི་བོད་ཡིག་བོད་སྐད་སྦྱོང་བདར་འཛིན་གྲ་དངོས་སུ་འགོ་ཚུགས་པ་རེད། བོད་སྐྱོད་དཔུང་དམག་གི་བོད་ཡིག་བོད་སྐད་སྦྱོང་བདར་འཛིན་གྲ་དེ་ཟླ་༡ཚེས་༡༢ནས་སློབ་ཚན་འཁྲིད་འགོ་ཚུགས་ལ། བོད་དམག་ཁུལ་ཁང་དབུ་བརྙེས་རྗེས་སློབ་ཚུགས་ཀྱི་མཛད་སྒོ་སྤེལ་བ་རེད། དེ་དུས་ཀྱི་དགེ་རྒན་གྲས་ལ་ལི་ཨན་ཀྲའེ་དང་། ཡུའི་ཧྲི་ཡུད་སྟེང་ཞལ་གཉིས། བོད་རིག་པའི་མཁས་པ་ཞད་གོ་ཨེན། ཀྲུའུ་ཝེ་ཧན། དེ་བཞིན་བོད་ཀྱི་མཁས་པ་ཚ་སྤྲུལ་ངག་དབང་བློ་བཟང་། ལྕང་ཅན་བསོད་ནམས་རྒྱལ་པོ་དང་མཐོ་རིམ་ཡར་ཐོན་མི་སྣ་བཅུ་གྲངས་བཅས་ཡོད། སྦྱོང་བདར་འཛིན་གྲྭ་དེ་ནས་ཐོན་པའི་རྒྱ་རིགས་སློབ་མ་ཕོན་ཆེན་ཞིག་ཡོད་པ་ལས་རྗེས་སུ་མི་ཧ་ཅང་མང་པོ་ཞིག་གིས་བོད་སྐད་ཆུ་རྒྱུག་རྒྱུག་རྒྱག་ཐུབ་པ་མ་ཟད། ལ་ལ་ནི་བོད་ཀྱི་སྐད་ཡིག་ལ་བྱང་ཆུབ་པའི་རྐང་འཛིན་པར་གྱུར་ཡོད། བོད་ཀྱི་སྐད་ཡིག་སྦྱོང་བདར་འཛིན་གྲྭ་དེ་ཕྱིས་སུ་བོད་དམག་ཁུལ་ཁང་གི་ལས་བྱེད་སློབ་གྲྭར་གྱུར་བ་དང་། དེ་རྗེས་ཡང་བོད་ལྗོངས་ས་གནས་ལས་བྱེད་སློབ་གྲྭར་གྱུར། [4] ཚ་སྤྲུལ་ངག་དབང་བློ་བཟང་མཆོག་གིས་ཐོག་མར་བོད་དམག་ཁུལ་ཁང་གི་ལས་བྱེད་སློབ་གྲྭའི་དབུ་འཛིན་གཞོན་པ་གནང་བ་དང་། སྐུ་ངོ་མས་སློབ་དེབ་རྩོམ་སྒྲིག་དང་སློབ་ཁྲིད་གི་ཕྱག་ལས་གནང་བ་རེད། ༡༩༥༢ལོར། བོད་དམག་ཁུལ་ཁང་གི་རྩོམ་སྒྲིག་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བཙུགས་རྗེས་དམ་པ་དེས་རྒྱུན་ལས་ཨུ་ཡོན་གྱི་ཕྱག་ལས་གནང་བ་དང་། སྐྱེ་བོ་ཚང་མས་དགའ་པོ་བྱེད་པའི་ཚ་སྤྲུལ་སུམ་རྟགས་༼སུམ་རྟགས་ཀྱི་སློབ་དེབ། ༽སོགས་དངོས་སུ་པར་བསྐྲུན་མ་བྱས་པའི་སློབ་དེབ་མང་དག་ཅིག་འབྲི་གནང་མཛད་ཡོད། ཨུ་ཡོན་ལྷན་ཁང་དེའི་ལས་འགན་གཙོ་བོ་གཅིག་ནི་རྒྱ་ཡིག་དང་བོད་ཡིག་གི་བོད་ཀྱི་གསར་འགྱུར་གནད་བསྡུས་ཞེས་པ་རྩོམ་སྒྲིག་དང་པར་བསྐྲུན་བྱེད་རྒྱུ་དེ་རེད། སྤྱི་ལོ་༡༩༥༢ལོའི་ཟླ་༡༠ཚེས་༡ནས་འགོ་བཙུགས་ཏེ་གསར་སྤེལ་བྱས་པ་དང་། བོད་ཡིག་པར་མའི་ཕྱག་ལས་གཙོ་བོ་ནི་ཚ་སྤྲུལ་དང་། ལྕང་ཅན། དགེ་བཤེས་ཆོས་གྲགས་སོགས་ཀྱིས་འགན་བཞེས་གནང་། སྤྱི་ལོ་༡༩༥༣ལོའི་ཟླ་༡ཚེས་༣༡ཉིན་ལྷ་ས་གྲོང་ཁྱེར་རྒྱལ་གཅེས་ཤེས་རིག་མཐུན་གྲོགས་ཚོགས་པ་[5]དབུ་བརྙེས་པ་དང་། ཚ་སྤྲུལ་མཆོག་གིས་རྒྱལ་གཅེས་ཤེས་རིག་མཐུན་གྲོགས་ཚོགས་པའི་ཨུ་ཡོན་དང་། ལྷ་ས་སློབ་གྲྭ་ཆུང་བའི་[6]ཏུང་ཧྲི་ཀྲང་དང་ཞའོ་ཀྲང་གཞོན་པ་གཅིག་ལྕོགས་གི་འགན་བཞེས། [7] སྤྱི་ལོ་༡༩༥༦ལོའི་ཟླ་༤ཚེས་༢༢ཉིན་དེ་སྔའི་བོད་ཀྱི་གསར་བསྒྱུར་གནད་བསྡུས་ཀྱི་རྨང་གཞིའི་ཐོག་རྒྱ་བོད་ཡིག་རིགས་གཉིས་ཀྱི་བོད་ལྗོངས་ཉིན་རེའི་གསར་འགྱུར་སྤེལ་འགོ་ཚུགས། ཚ་སྤྲུལ་གྱིས་བོད་ལྗོངས་ཉིན་རེའི་གསར་འགྱུར་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའི་ཐུགས་འགན་བཞེས། [8]སྤྱི་ལོ་༡༩༥༦ལོར། ཀྲུང་གུང་བོད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་ལས་ཁུངས་གི་དཔེ་བཟང་ལས་བྱེད་པ་ཨང་དང་པོར་འདེམས་བསྐོ་བྱུང་།

ཚ་སྤྲུལ་ངག་དབང་བློ་བཟང་མཆོག་གིས་བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་བཟུང་། ཏང་གི་འགོ་ཁྲིད་འོག་བཙན་རྒོལ་རྒྱལ་གཅེས་དང་། མཐུན་སྒྲིལ་ཡར་ཐོན་གི་བྱ་གཞག་ལ་རང་གི་ལེགས་སྐྱེས་འབུལ་གནང་མཛད་པ་རེད། དམ་པ་དེས་རྩོམ་ཡིག་ལ་ཞུས་དག་གནང་བ་མ་ཟད། སྐུ་ངོ་མ་ཕེབས་ནས་དགོན་པར་ཚགས་པར་སྐྱེལ་གནང་མཛད་ཀྱི་ཡོད། དགོན་པར་ཚགས་པར་སྐྱེལ་ཐུབ་པའི་ཆེད་དུ་ཁོང་གིས་དཀའ་སྡུག་ལ་མི་འཛེམས་པ་དང་། ཀླད་རྙིང་མཁྲེགས་བཟུང་ཤོག་ཁས་བཀག་འགོག་བྱས་པར་མ་འཛེམས་པར་དུས་ཐོག་དུ་ཚགས་པར་སེ་ར་སོགས་དགོན་པར་སྐྱེལ་ཐུབ་པ་གནང་ནས་གྲྭ་དམངས་ལ་རྒྱལ་གཅེས་རིང་ལུགས་དང་ཏང་གི་སྲིད་ཇུས་དྲིལ་བསྒྲགས་གནང་བ་རེད། ཚགས་པར་གཉེར་འགོ་ཚུགས་མ་ཐག་པའི་སྐབས་སུ་གསར་འགྱུར་འགོད་མཁན་སྦྱོང་བདར་འཛིན་གྲྭ་བཙུགས་ཀྱང་སྐབས་དེར་སློབ་ཁང་མེད་པས་ཚ་སྤྲུལ་མཆོག་གིས་གླིང་ཁའི་ཤིང་གསེབ་ཏུ་སློབ་མ་རྣམས་ལ་སློབ་ཚན་ཁྲིད་གནང་མཛད་འདུག། [9]

དམ་པ་དེས་བོད་ལྗོངས་ཉིན་རེའི་ཚགས་པར་སྤེལ་འགོ་ཚུགས་ནས་ལོ་གཅིག་འཁོར་བའི་དྲན་གསོའི་ཚོགས་འདུའི་ཐོག་གསུངས་པར། མའོ་ཀྲུའུ་ཞི་དང་གུང་ཁྲན་ཏང་ནི་ངོ་མ་རླབས་ཆེན་ཡིན། གལ་སྲིད་དེ་དག་མེད་ན་བོད་ལ་ཞི་བའི་བཅིངས་འགྲོལ་ཐོབ་ཐབས་མེད་ལ། བོད་མི་དམངས་རྣམས་བཙན་རྒྱལ་རིང་ལུགས་ཀྱི་འཆིང་ཐག་ལས་གྲོལ་ཐབས་མེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་དུ་ལོག་ནས་མི་རིགས་འདྲ་མཉམ་གྱི་དབང་ཆའང་སྤྱོད་དབང་ཡང་ཡོང་གི་མ་རེད། དེ་བཞིན་བོད་རིགས་དང་། རྒྱ་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་དང་རིམ་གྲས་མི་འདྲ་བའི་མི་སྣ་ཚུད་པའི་བོད་ཀྱི་ཚགས་པར་གྱི་ལས་ཁུངས་གསར་པ་འདི་འདྲ་ཞིག་ཀྱང་ཡོང་སྲིད་ཀྱི་མ་རེད་ཅེས་གསུངས།[10]

དམ་པ་དེ་ཉིད་དགུང་ལོ་བདུན་ཅུ་ལྷག་ཕེབས་པའི་དབང་གིས་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཁོང་ལ་དབུ་ངལ་གསོ་རྒྱུར་དོ་སྣང་གནང་དགོས་ཞེས་ཞུ་སྐབས་ཁོང་གིས་འདི་སྐད་ཅེས་གསུང་མྱོང་ཡོད། མ་གཞི་ང་ལོ་ན་ཆེ་ཙམ་ཡིན་ཀྱང་། ད་ཆ་བོད་ལ་གུང་ཁྲན་ཏང་དང་མའོ་ཀྲུའུ་ཞིའི་དབུ་འཁྲིད་ཡོད་པས་ལོ་ཆེན་པོ་ཡིན་རྩ་བ་ནས་བསམ་གྱི་མི་འདུག། དེ་ལས་ལྡོག་སྟེ་དེ་སྔ་ལས་ལོ་ཆུང་དུ་ཕྱིན་པའི་སྣང་བ་འཆར་གྱི་འདུག། ལྷག་པར་དུ་ཏང་གིས་ང་ཚོ་མཚོ་ལྟར་ཟབ་ལ་མེ་ལྟར་ཚ་བའི་སྡུག་བསྔལ་ནས་བཅིངས་འགྲོལ་གཏོང་གནང་མཛད་པ་དང་། མི་དམངས་ཀྱི་འཚོ་བ་བརྟན་ལྷིང་བྱུང་བ་བཅས་བསམ་བློ་འཁོར་དུས་ཏང་གི་བཀའ་དྲིན་དེས་ངའི་སེམས་ཤུགས་དེ་བས་ཆེ་རུ་འགྲོ་བ་དང་། དཀའ་ངལ་ག་ཚོད་འཕྲད་ཀྱང་སེལ་ཐབས་བྱེད་རྒྱུའི་སེམས་ཐག་བཅད་པ་ཡིན། དེ་སྔ་ངས་རང་ཉིད་ཀྱི་མི་རིགས་ལ་ཞབས་འདེགས་ཞུ་རྒྱུའི་རེ་བ་རྩེ་གཅིག་ཏུ་བཅངས་པ་དེ་ད་ཆ་མངོན་འགྱུར་ཐུབ་པ་བྱུང་བས་ང་ནི་གཟི་བརྗིད་ཡིན་བསམ་པ་དང་སྐུལ་ལྕག་ཧ་ཅང་ཆེན་པོ་ཐེབས་ཀྱི་འདུག་ཅེས་གསུངས་པ་རེད། [11]

གསུམ་པ། བོད་ལྗོངས་ཀྱི་ཉིན་རེ་ལས་ཉིན་རེ་མི་འདྲ་བའི་འགྱུར་ལྡོག་གསར་པ་བྱུང་བ་དེར་དམ་པ་དེས་སྐད་གསང་མཐོན་པོས་བསྟོད་དབྱངས་ཕུལ་བ།

བོད་ལྗོངས་ཡར་རྒྱས་གོང་འཕེལ་གྱི་བྱ་གཞག་དེ་དག་གིས་ཚ་སྤྲུལ་ངག་དབང་བློ་བཟང་མཆོག་ལ་རྩོམ་འབྲིའི་ཀུན་སློང་ཤུགས་ཆེན་འཁྲུངས་ཏེ་ལས་བྲེལ་ཆེ་ཡང་ལས་ཞོར་དུ་རང་ཉིད་ཀྱི་རྩོམ་ཡིག་ཐོག་ནས་སེམས་གཏིང་གི་འཆར་སྣང་དང་གདུང་སེམས་མཚོན་ཐབས་གནང་གི་ཡོད། དམ་པ་དེས་ཕྱག་སྨྱུག་ལྷུག་པོར་སྤྱད་དེ་སྐྱེ་བོ་རྣམས་ཀྱི་ངག་ལ་འཇགས་ཐུབ་པའི་སྙན་ངག་ཚིག་བཅད་མང་དག་ཅིག་བརྩམས་གནང་ནས་བོད་ཀྱི་ཡར་རྒྱས་གོང་འཕེལ་གྱི་བྱ་གཞག་ཆེ་རིགས་རྣམས་ལ་བསྟོད་བསྔགས་མཛད་པ་དང་། གུང་ཁྲན་ཏང་དང་མའོ་ཀྲུའུ་ཞིའི་མཁས་མཛངས་ལྡན་ལ་ཡང་དག་པའི་སྲིད་ཇུས་ལ་བསྟོད་བསྔགས་གཏོང་གནང་མཛད་དེ་བོད་ལྗོངས་མི་དམངས་ཀྱི་སེམས་པའི་གདིང་གི་དགའ་ཚོར་དང་མཐུན་སྒྲིལ་རྡོག་རྩ་གཅིག་བསྒྲིལ་གྱིས་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཆོད་སེམས་མཚོན་ཡོད། དེ་ལ་བརྟེན་ནས་དམ་པ་དེ་སྤྱི་ལོ་༡༩༥༡ལོས་མཚོན་པའི་བོད་ཀྱི་གསར་ལུགས་སྙན་ངག་རྩོམ་འབྲིའི་དཔེ་མཚོན་མི་སྣར་གྱུར་བ་རེད། དམ་པ་དེའི་སྙན་རྩོམ་འདི་ལྟ་བུ་ཡོད་པ་སྟེ། བོད་ཞི་བའི་བཅིངས་འགྲོལ་ཐོབ་དོན་དུ་བརྩམས་པའི་བོད་མི་དགའ་བའི་གླུ་དབྱངས་ལེན་ཞེས་པ་དང་། སྤྱི་ལོ་༡༩༥༣ལོའི་ཟླ་དང་པོར་རྒྱལ་གཅེས་གཞོན་ནུ་ཤེས་རིག་མཐུན་གྲོགས་ཚོགས་པ་དབུ་བརྙེས་པའི་དོན་དུ་་བརྩམས་པའི་རྒྱལ་གཅེས་གཞོན་ནུའི་མཐུན་སྒྲིལ་ཆེན་མོ་ཞེས་པ། སྤྱི་ལོ་༡༩༥༤ལོར་གཞུང་ལམ་གཉིས་ལ་རླངས་འཁོར་ཤར་གཏོང་ཐུབ་པར་བསྟོད་གླུ་འབུལ་བའི་གཡུ་ཡི་སྐེ་རགས་གསེར་གྱི་ཟམ་པ་ཞེས་པ་དང་རླངས་འཁོར་ལ་དགའ་བསུ་ཞུ་ཞེས་པ། སྤྱི་ལོ་༡༩༥༥ལོར་མའོ་ཀྲུའུ་ཞི་མཆོག་ལ་བསྟོད་གླུ་འབུལ་ཆེད་བརྩམས་པའི་མི་རིགས་ཁག་གི་མི་དམངས་ཀྱི་རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞིར་བསྟོད་པ་ཞེས་པ། སྤྱི་ལོ་༡༩༥༦ལོའི་ཟླ་བ་༥པར་གདམ་གཞུང་གནམ་གྲུ་བབ་ཐང་གི་ལས་གྲྭ་ལེགས་གྲུབ་ཟིན་པ་དང་། པེ་ཅིན་ནས་ལྷ་སའི་བར་གྱི་མཁའ་ལམ་ལ་འཕུར་བསྐྱོད་ཚོད་ལྟ་ལེགས་གྲུབ་བྱུང་བ། ཀྲུང་དབྱང་སྐུ་ཚབ་ཚོགས་པ་ཟླ་༥ཚེས་༣༡ཉིན་གནམ་གྲུར་བཞུགས་ནས་པེ་ཅིན་ལ་ཕྱིར་ལོག་ཕེབས་པ་བཅས་ཀྱི་ཆེད་དུ་བརྩམས་པའི་སྔོ་བསངས་ནམ་མཁའ་ཞེས་པ། སྤྱི་ལོ་༡༩༥༦ལོའི་ཟླ་༧ཚེས་༡ཏང་གི་འཁྲུངས་སྐར་དུས་ཆེན་ལ་བརྩམས་གནང་མཛད་པའི་གུང་ཁྲན་ཏང་གི་འཁྲུངས་སྐར་དུས་ཆེན་ལ་བསྔགས་པ་བརྗོད་པ་ཞེས་པ་དང་། དེ་བཞིན་འཇིག་རྟེན་སྐྱེ་བོ་ཀུན་གྱིས་མགྲིན་དབྱངས་གཅིག་གྱུར་ངང་ཞི་བདེ་སྲུང་བ་ཞེས་པ་སོགས་བརྩམས་གནང་མཛད་ཡོད།

ཁོང་གི་སྙན་རྩོམ་དང་པོ་ནི་བོད་མི་དགའ་བའི་གླུ་དབྱངས་ལེན་ཞེས་པ་[12]ནི་སྐབས་དེར་གཞས་གདངས་བཀོད་ནས་རྒྱ་ཁྱབ་ཏུ་དར་བའི་གླུ་དབྱངས་གསར་པ་ཞིག་ལ་གྱུར་བ་མ་ཟད་ད་ཆའང་མི་ཉམས་དར་འཕེལ་གྱི་བོད་ཀྱི་གླུ་དམར་ཞིག་ལ་གྱུར་ཡོད། དེའི་ཚིག་དོན་འདི་ལྟ་སྟེ།

ནམ་མཁའ་སྔོ་ལ་དྭངས་ཤིང་མཛེས། །

སྤྲིན་དཀར་ལང་ལོང་ཁ་མདོག་དཀར། །

བོད་ལྗོངས་ཞི་བས་བཅིངས་འགྲོལ་ཐོབ། །

ཏང་གི་སྲིད་ཇུས་འོད་ཟེར་ཁྱབ། །

བོད་མི་དགའ་བའི་གླུ་དབྱངས་ལེན། །

རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་།།

ཁྱེད་ཀྱི་དགོངས་པ་བོད་ལ་ཁྱབ། །

ཁྱེད་ཀྱིས་ང་ཚོར་བདེ་སྐྱིད་གནང་། །

ཁྱེད་ཉིད་དྲན་པས་སྟོབས་ཤུགས་སྐྱེད། །

བོད་མི་དགའ་བའི་གླུ་དབྱངས་ལེན། །

རྒྱ་བོད་སྤུན་ཟླ་མཐུན་སྒྲིལ་བྱས། །

དོན་ཚན་བཅུ་བདུན་ལག་ལེན་བསྟར། །

བདེ་སྐྱིད་འཚོ་བ་སྐྱེལ་རིན་ཡོད། །

བཅིངས་འགྲོལ་དམག་གིས་མཐའ་མཚམས་སྲུང་། །

བོད་མི་དགའ་བའི་གླུ་དབྱངས་ལེན། །

བོད་རིགསཀྱི་་རྩོམ་རིག་ལ་ཞིབ་འཇུག་གནང་མཁན་མཁས་དབང་ཀེང་ཡུས་ཧྥང་མཆོག་གིས་གསུང་བར། གཡུ་ཡི་སྐེ་རགས་གསེར་གྱི་ཟམ་པ་ཞེས་པ་དེ་སྙན་ངག་མཁས་ཅན་དམ་པ་དེའི་དཔེ་མཚོན་རང་བཞིན་ལྡན་པའི་རྩོམ་ཞིག་རེད། དེ་ནི་འཛམ་གླིང་ན་སྐད་གྲགས་ཆེ་བའི་ཁམས་བོད་དང་མཚོ་བོད་གཞུང་ལམ་གཉིས་རྒྱལ་ཁའི་ངང་རླངས་འཁོར་ཤར་གཏོང་ཐུབ་པར་དྲན་གསོ་ཞུ་བའི་སྙན་ངག་ཡིན་པ་དང་། དོན་བརྗོད་སྙན་ངག་ཞིག་ཡིན་ལ། འདུན་མཚོན་སྙན་ངག་ཞིག་ཀྱང་ཡིན། མི་དམངས་ཉིན་རེའི་ཚགས་པར་ཐོག་བཀོད་པའི་དབང་གིས་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་མྱུར་དུ་ཁྱབ་པ་རེད་ཅེས་གསུངས་འདུག [13]སྙན་ངག་དེའི་ནང་དོན་གནད་བསྡུས་ལ།

གནམ་གྱི་ཀ་བ་ལྟ་བུའི་རི་མཐོ་མང་། །

ཆུ་བོའི་རྦ་རླབས་ལང་ལོང་འཕྱུར་བ་སྟེ། །

ལེ་དབར་སྟོང་ཕྲག་དུ་མ་འབྲེལ་ནས་ཡོད། །

གཏིང་ཟབ་འཕྲོད་ཀྱི་དྲག་རྒྱུགས་ཆུ་བོ་ཡིས། །

མེས་རྒྱལ་དང་ནི་ཁམས་མཚོ་བར་འཕྲོད་ཀྱི། །

ཤར་བགྲོད་ལམ་བུ་བཅད་ནས་འགྲོ་ཐབས་བྲལ། །

བྲག་རི་མཐོ་ཞིང་གཡང་གཟར་རབ་ཏུ་ཆེ། །

གཅིག་ལས་གཅིག་དང་དེ་ལས་དེ་གཟར་ཞིང་། །

ཉེན་ཁའི་ཁྲོད་དང་རྣོ་བའི་རི་བོ་ཆེ། །

འཕུར་བ་ལྟར་དུ་སྒྲོལ་དགོས་བསམ་འདོད་ཀྱང་། །

རྒོད་པོ་འདྲ་བའི་༼ག༽ཤོག་སྒྲོ་ཡོད་ཀྱང་འདར། །

དམ་པ་དེས་བོད་ལ་མཁའ་ལམ་ཤར་བསྐྱོད་ཐུབ་པར་བརྩམས་གནང་མཛད་པའི་སྙན་ངག་ཚིག་བཅད་ལྕགས་ཀྱི་ཕུགས་རོན་དངུལ་སྐྱ་མདོག་ཞེས་པར་འདི་ལྟར་འཁོད་ཡོད་དེ། [14]

གནམ་གཤིས་བཟང་ཞིང་ཉི་འོད་གསལ་བའི་མུར། །

བྱང་ཤར་མཚམས་ནས་སྙན་པའི་སྒྲ་ཞིག་ཐོས། །

དེས་རྐྱེན་བདག་ཅག་སྟེང་དུ་བལྟས་པའི་སྐབས། །

ཡིད་འོང་མཛེས་པ་གནམ་གྲུ་ཡོང་བ་མཐོང་། །

དེ་ནི་ཕུག་རོན་མདོག་ཅན་འདབ་གཤོག་ཅན། །

ཁང་མིག་མཛེས་ལྡན་སྐར་རྟགས་རྣམ་པར་བཀྲ། །

གྲོང་ཁྱེར་འདིའི་སྟེང་དལ་བུས་ལྡིང་ཞིང་འཁོར། །

བྱམས་བརྩེའི་སྤྱན་གྱིས་རིང་ནས་གཟིགས་ཞེས་དྲན། །

ལྷང་ལྷང་རྣ་བར་འབབ་པའི་སྒྲ་དེའི་ནང་། །

བོད་རིགས་མི་དམངས་རྣམས་ལ་འཚམས་འདྲི་དང་། །

ཆབས་ཅིག་མྱུར་དུ་འཛུགས་སྐྲུན་ཐུབ་ཡོང་ཞེས། །

ཞལ་བཞེས་བསླབ་སྟོན་གནང་བར་ཡིད་ཆེས་རྙེད། །

རླངས་འཁོར་བགྲོད་པའི་ཤུགས་ལས་ཆེས་མྱུར་བའི། །

རིན་ཆེན་གནམ་གྲུའི་ལམ་ནས་སྤེལ་བ་ཡི། །

དངོས་ཟོག་སྣ་ཚོགས་འདོད་རྒུར་འགྲེམས་ནུས་དེས། །

བོད་མིའི་བདེ་སྐྱིད་འཚོ་བའི་སྒོ་འཕར་དབྱེ། །

མེས་རྒྱལ་མཐའ་མཚམས་བརྟན་སྲུང་ཐུབ་པ་ལ། །

ཤུགས་སྣོན་ཡང་ཡང་ཐེབས་རྒྱུའི་སྙིང་སྟོབས་དེས། །

འབྱོར་ལྡན་གཞན་གྱི་གཡོ་སྒྱུའི་དྲ་བའི་ནང་། །

ཚུད་ཡང་བསམ་པའི་དོགས་གཞིའི་རྩ་བ་ཆོད། །

གནམ་སྔོན་དབྱེངས་ནས་དགྱེས་གཟིགས་གཅེན་པོ་ཆོ། །

སྐུ་ཁམས་བཟང་ལྡན་རེ་ཞིག་རང་གནས་ཕེབས། །

ཁྱེད་རྗེས་ལྟ་བཞིན་མྱུར་མཇལ་སྨོན་ཚིག་དང་། །

བཀྲ་ཤིས་བདེ་ལེགས་ངང་ནས་དགའ་སྐྱེལ་ཞུ། །

གང་དུ་ཕེབས་པའི་གྲོགས་བཟང་རྣམ་པ་ལ། །

དགའ་གཅེས་འཕྲིན་བཟང་ལེགས་སྐྱེད་འདི་བསྣམས་ནས། །

རྒྱ་བོད་མི་རིགས་མཐུན་སྒྲིལ་ཆེན་པོ་འདི། །

རྟག་བརྟན་ཁྲི་ལོར་གནས་པའི་བཀྲ་ཤིས་ཤོག།

དམ་པ་དེས་གུང་ཁྲན་ཏང་གི་འཁྲུངས་སྐར་དུས་ཆེན་ལ་བསྟོད་གླུ་འབུལ་ཞེས་པའི་སྙན་ངག་ལ་འདི་ལྟར་འབྲི་གནང་མཛད་ཡོད་དེ།

བདེ་སྐྱིད་དགའ་ཚལ་སྐྱིད་ཚལ་ཡངས་པོའི་གཞིར། །

རབ་དཀར་ལྡིང་གཡབ་ཕུབས་པའི་གྲིབ་བསིལ་འོག།

སེར་སྐྱ་མི་དམངས་གོས་བཟང་ལྷབ་ལྷུབ་གཡོ། །

ཕོ་མོ་ཁྱད་མེད་གཤིས་གོམས་རྒྱན་ཆས་སྤྲས། །

ཚང་མ་སྤུན་ཟླ་ལྟ་བུའི་མཛའ་བརྩེའི་ངང་། །

དགའ་བའི་གཞས་དང་སྙན་པའི་གླུ་དབྱངས་ལེན། །

དྭངས་གསལ་བཅུད་ལྡན་ཇ་དང་ཞལ་ཏོག་ཞིམ། །

གུང་ཁྲན་ཏང་གི་སྲོལ་དེར་སེམས་འགུལ་ཐེབས། །

གུང་ཁྲན་ཏང་དང་སྲིད་གཞུང་བཟང་པོར་བཅས། །

རླབས་ཆེན་མའོ་ཀྲུའུ་ཞིའི་བསླབ་སྟོན་འོག།

རང་སྐྱོང་གྲ་སྒྲིག་ལྷན་ཁང་གསར་དུ་ཚུགས། །

བདེ་སྐྱིད་འཚོ་བ་བཟང་པོའི་ལམ་བཟང་རྙེད། །

སྒེར་དབང་རྒྱུད་འཛིན་ཕྱེད་ལས་ལྷག་མེད་གྲོལ། །

སྲིད་དོན་ཆུ་ཚད་རིག་མཐོ་གྲུ་གཟིངས་ནང་། །

གསར་བའི་ལུགས་བཟང་གོམ་ཚུགས་བརྟན་པོར་སྤོས། །

རླབས་ཆེན་སྤྱི་ཚོགས་ཡང་རྩེར་སོན་གྱུར་ཅིག།

དེ་དང་དེ་ལ་སོགས་པ་དཔེ་མཚོན་ཙམ་དུ་འདིར་བཀོད་པ་ཡིན།

བཞི་པ། དམ་པ་དེས་བོད་ལྗོངས་གསར་པའི་དོན་དུ་རྩ་ཆེའི་སྐུ་སྲོག་འབུལ་གནང་མཛད་པ།

བོད་ལྗོངས་ཆབ་གྲོས་ཀྱི་རིག་གནས་ལོ་རྒྱུས་ཡིག་ཆའི་ནང་འཁོད་གསལ། སྤྱི་ལོ་༡༩༥༧ལོའི་ཟླ་༩ཚེས་༣༠ཉིན་གྱི་ཞོགས་པ་ལྷ་ལ་ཆར་པ་སིམ་སིམ་ཞིག་གཏོང་བཞིན་པའི་ཁྲོད་དུ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་བློ་མཐུན་རྣམས་ལས་ཁུངས་སུ་འབྱོར་ཟིན་ནའང། ཚ་སྤྲུལ་ངག་དབང་བློ་བཟང་མཆོག་གི་སྐུའི་གྲིབ་མ་ཙམ་ཡང་མཐོང་ཡས་མེད་པས་ཚང་མ་སྒུག་ཀྱང་སྒུག་ནས་སེམས་ཁྲལ་སྐྱེས། གློ་བུར་དུ་དམ་པ་དེ་ཚགས་པར་ལས་ཁུངས་ལ་ཕེབས་པའི་ལམ་བར་དུ་བླ་མ་སྨྱོན་པས་འཇབ་རྡུང་བཏང་ནས་རིལ་འདུག་ཟེར་བའི་གཏམ་ངན་འབྱོར་བས། ཚང་མས་ཚག་ཚིག་ངང་བསྐྱོད་ནས་དམ་པ་དེ་སྨན་ཁང་དུ་བསྐྱལ་ཏེ་མྱུར་སྐྱོབ་ཞུས། དེ་ནས་བཟུང་སྙུན་གཞི་ཉིན་རེ་ལས་ཉིན་རེ་ཇེ་སྡུག་སོང་ཏེ་ནད་ཁྲི་ལས་བཞེངས་ཐུབ་མེད། [15]གུས་པ་རང་ཉིད་ཀྲུང་དབྱང་མི་རིགས་སློབ་གྲ་ཆེན་མོའི་བོད་ཡིག་ཞིབ་འཇུག་འཛིན་གྲྭར་སློབ་སྦྱོང་བྱས་རྗེས་ལས་བགོས་སྒུག་རིང་ནང་ཀྲུང་གོ་ཚན་རིག་ཁང་གི་མི་རིགས་ཞིབ་འཇུག་སོའོ་ལ་བོད་ཡིག་ཡིག་ཆ་ཕྱོགས་བསྒྲིགས་དང་ཡིག་བསྒྱུར་བྱེད་རོགས་བྱས་ནས་བསྡད་པ་ཡིན། ཡིག་རིགས་དེ་ཚོའི་ཁྲོད་ལ་ཡིག་ཆ་འདི་ལྟ་བུ་ཞིག་འདུག་པ་མཐོང་བ་མ་ཟད་ངས་བཤུས་ནས་ཉར་ཚགས་བྱས་པ་ཡིན་ཏེ། དེས་ནི་ཚ་སྤྲུལ་ངག་དབང་བློ་བཟང་མཆོག་སྐུ་གཤེགས་ཁའི་གནས་ཚུལ་ངོ་མ་གསལ་པོ་མཚོན་ཐུབ།

སྤྱི་ལོ་༡༩༥༧ལོའི་ཟླ་༩ཚེས་༣༠ཉིན། ཚ་སྤྲུལ་ངག་དབང་བློ་བཟང་གིས་ཏྭ་ལའི་བླ་མ་སྐུ་ཕྲིང་བཅུ་བཞི་པར་ཐུགས་དམ་ཞུ་ཡིག་ཞིག་ཕུལ་བ་དང་། ཞུ་ཡིག་དེའི་ཁ་བྱང་སྒང་ན།

༄༅། ། ལྷ་བཅས་སྲིད་ཞིའི་གཙུག་རྒྱན་༈སྐྱབས་གསུམ་ཀུན་འདུས་ཀྱི་དཔལ་ལྡན་རྩ་བའི་བླ་མ་༈གོང་ས་༈སྐྱབས་མགོན་༈རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་༈ཞབས་བསྟེན་གསེར་གྱི་ཁྲི་འཕང་འཇིག་རྟེན་གསུམ་གྱི་བླ་ན་མངོན་པར་མཐོ་བ་རིན་པོ་ཆེའི་༈དྲུང་དུ། ༼རིོེའི་༈དྲུང་དེུད༽ཞེས་དང་། ཁ་བྱང་གི་ཤོད་ན། གུས་འབངས་ཚ་སྤྲུལ་ངག་དབང་བླཽ་བཟང་པས་རབ་གུས་དྭང་བ་ཆེན་པོས་དད་ཕྱག་གྲངས་མེད་དང་བཅས་ཏེ་ཕུལ་བའི་ཐུགས་དམ་ཞུ་སོན། ཞེས་འཁོད་འདུག། ཞུ་ཡིག་དེའི་ནང་དོན་དངོས་ལ། ལྷ་བཅས་སྲིད་ཞིའི་གཙུག་རྒྱན་སྐྱབས་གསུམ་ཀུན་འདུས་ཀྱི་དཔལ་ལྡན་རྩ་བའི་བླ་མ་༈གོང་ས་༈སྐྱབས་མགོན་༈རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་༈ཞབས་བསྟེན་གསེར་གྱི་ཁྲི་འཕང་འཇིག་རྟེན་གསུམ་གྱི་བླ་ན་མངོན་པར་མཐོ་བ་རིན་པོ་ཆེའི་དྲུང་དུ། ༼རིོེའི་༈དྲུང་དེུད༽

གུས་འབངས་ཚ་སྤྲུལ་ངག་དབང་བླཽ་བཟང་པས་རབ་གུས་དྭང་བ་ཆེན་པོས་དད་ཕྱག་གྲངས་མེད་དང་བཅས་ཏེ་ཐུགས་དམ་ཞུ་གསོལ་རྩེ་གཅིག་ཏུ་འདེབས་པའི་སྙིང་པོར། གུས་འབངས་ལྕགས་འབྲུག་ལོ་པ་[16]རང་ལོ་བདུན་ཅུ་དོན་བརྒྱད་དུ་སོན་པ་[17]བདག་ཉེ་ཆར་ཟླ་༨ཚེས་༧ཉིན་གྱི་སྔ་དྲོར་བོད་ལྗོངས་ཉིན་རེའི་གསར་འགྱུར་ལས་ཁུངས་སུ་རྟག་བསྐྱོད་སྐབས་ལྷ་ལྡན་འོང་གཞིས་ས་ཁུལ་[18]དུ་བླ་མ་སྨྱོན་པ་ཟེར་བ་དང་གློ་བུར་དུ་ཐུག་འཕྲད་སྣང་མེད་མུར་ཁོ་པས་རྒྱབ་ངོས་ནས་གུས་པའི་མགོ་བོར་ཁུ་ཚུར་ཤུགས་ཆེན་ཞིག་བསྣུན་མ་ཐག་ན་རྒས་སྟབས་ཀྱིས་གཡོན་ཕྱོགས་སར་བརྡབས་རྐང་གཡོན་དཔྱི་མགོའི་མཚམས་ནས་རུས་པ་ཆག་སྐྱོན་དུ་སོང་རྐྱེན་ནད་མནར་ཤུགས་དྲག་ངང་ལྷ་ས་མི་དམངས་སྨན་བཅོས་ཁང་དུ་སྨན་བཅོས་ཐབས་རྒུ་གང་ཟབ་བྱེད་དང་བྱེད་མུས་སུ་ཡོད་ལགས་པ་འདིས་རྐྱེན་ཚེ་སྲོག་ལ་བགེགས་དབང་བར་ཆད་རིགས་མེད་ལས་ཆེ་ཞིང་། ཡོད་ཚེ་ཚེ་བགེགས་བར་གཅོད་ཀྱིས་མི་བརྫི་བར་ནད་ལས་བདེ་བར་གྲོལ་ཏེ་བགོ་གལ་ཞབས་འདེགས་ཞུ་སྒོ་ལེགས་འགྲུབ་ཡོང་བ་བཅས་ཀྱི་ཆེད་དུ་རིམ་གྲོ་ཇི་ལྟར་སྒྲུབ་དགོས་ཐུགས་དམ་ཡེ་ཤེས་གཟིགས་དཔྱད་ཀྱིས་བཀའ་གསལ་སྤྱི་བོར་སྨིན་པ་དང་། སྐྱེ་ཞིང་སྐྱེ་བའི་ཕྲེང་བ་ཀུན་ཏུ་མགོན་པོ་མཆོག་གི་༈སྐྱབས་འཇུག་རྡོ་རྗེའི་ར་བ་ནས་ནམ་ཡང་མི་བསྐྱུད་པར་རྗེས་སུ་འཛིན་པ། མཁྱེཻན། མཁྱཻེན། མཁྱཻེན། ཞེས་གསོལ་བ་འདེབས་རྟེན་ལྷ་རེག་ཨ་ཤེ་དང་། ༈སྐྱབས་རྟེན་ཊཾ་དཀར་གྲངས་༢༥བཅས།

ཕྱག་བཅས་

ཕུལ་བའི་ཐུགས་དམ་

ཞུ་སོན།

ཞུ་ཡིག་དེའི་བར་སྟོང་ན་གཤམ་གསལ་ཡི་གེ་དུམ་བུ་ཞིག་འཁོད་འདུག་པ་དེ་ཏྭ་ལའི་བླ་མའི་བཀའ་མཆན་ཡིན་པ་ནི་གསལ་ཐག་ཆོད་རེད། ༄༅། རྟེན་གཤམ་གསལ་དང་བཅས་འབྱོར་པ་ལྟར། བརྟག་པ་བགྱིས་པར་གཤམ་གསལ་རྐྱེན་སེལ་རིམ་གྲོར། སྨན་མདོ་བརྒྱད་བརྒྱ་པ་དང་། སྨན་བླའི་མདོ་ཆོག་ལོ་གྲངས། ཆབ་གཏོར་གང་མང་བཅས་སྒྲུབ་ན་སྲོག་ཕྱར་ཉེས་ངོ་ཆེ་རིགས་མ་ཤར། འདི་ནས་ཀྱང་དུས་ཀུན་ཏུ་དགེ་བའི་སྨོན་འཇུག་བྱེད། མདུད་བཅས། ཐམ་ཀ་དམར་པོ་འཁོད་འདུག།

འོན་ཀྱང་། དམ་པ་དེ་ནི་སྤྱི་ལོ་༡༩༥༧ལོའི་ཟླ་༡༢ཚེས་༡ཉིན་གྱི་དགོང་དྲོ་ཆུ་ཚོད་༡དང་སྐར་མ་༥༩ལ་རུས་པ་ཧྲུག་ཆག་གིས་རྐྱེན་བྱས་ནས་ཕོ་བ་སྨུག་པོ་ལངས་རྗེས་སྨན་བཅོས་མ་ཐུབ་པར་སྐུ་གཤེགས་པ་རེད། མི་ངན་གྱིས་འཇབ་རྡུང་བཏང་བ་ནས་ཞིང་ལ་གཤེགས་དུས་བར་ལ་དུས་ཚོད་ཟླ་བ་བཞི་ཡང་འགོར་མེད།

སྤྱི་ལོ་༡༩༥༧ལོའི་ཟླ་༡༢ཚེས་༡༢ཉིན་ལྷ་སའི་ལས་ཁུངས་དང་། མི་དམངས་ཚོགས་པ་ཁག་གི་སྐུ་ཚབ་ཞུགས་ནས་མྱ་ངན་ཚོགས་འདུ་ཚོགས་ཏེ་རྒྱལ་གཅེས་རིང་ལུགས་པའི་མཁས་དབང་ཆེན་པོ་དང་སྙན་ངག་མཁས་ཅན་ཚ་སྤྲུལ་ངག་དབང་བློ་བཟང་མཆོག་ལ་མྱ་ངན་ཞུས་པ་རེད། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་དང་ཀྲུང་གུང་བོད་ལས་དོན་ཨུ་ཡོན་ལྷང་ཁང་གི་ཧྲུའུ་ཅི་བློ་མཐུན་ཀྲང་ཅིང་ཨུ་དང་། ཀྲུང་གུང་བོད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སྐུ་གཞོན་ཀྲང་གོ་ཧྭ། ཧྥན་མིང། ཀྲའུ་རིན་ཧྲན་སོགས་བློ་མཐུན་ཚོས་མྱ་ངན་ཆ་ཡིག་ཕུལ་པ་དང་། ཀྲང་ཅིང་ཨུ་ཡིས་མྱ་ངན་ཞུ་ཡིག་ལ་འདི་ལྟར་འབྲི་གནང་མཛད་ཡོད་པ་སྟེ། དམ་པ་དེས་མེས་རྒྱལ་ལ་དགའ་ཞེན་དང་། ལས་ཀར་ཧུར་བརྩོན། ལོ་མང་ཉིན་གཅིག་ལྟ་བུ་གནང་བ་བཅས་ལ་མྱ་ངན་ཞུ་འོས་ལ་གཞོན་ནུ་རྣམས་ཀྱི་མིག་དཔེ་བཟང་པོ་ཞིག་རེད། ཅེས་འཁོད་ཡོད་པ་རེད།

མཁས་དབང་ཆེན་པོ་དང་སྙན་ངག་མཁས་ཅན་དམ་པ་དེས་སྨན་ཁང་ལ་བཞུགས་རིང་རང་ཉིད་ཀྱི་ལོ་རྒྱུས་ཟུང་འབྲེལ་གྱིས་མི་རྣམས་ལ་བཀའ་སློབ་གནང་དོན། ང་རང་རང་གི་མི་ཚེ་གཅིག་རིང་གི་ལོ་རྒྱུས་ནས་མྱོང་ཚོར་བྱུང་དོན་ལ། བོད་མི་དམངས་གུང་ཁྲན་ཏང་གི་རྗེས་སུ་བསྐྱོད་པ་དང་། མཐུན་སྒྲིལ་རྒྱལ་གཅེས་ཡར་ཐོན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཁ་འཕྲལ་ཕྱིར་བཤོལ་ལ་ངོ་རྒོལ་བྱས་ན་གཞི་ནས་འོད་ཟེར་འཕྲོ་བའི་མདུན་ལམ་ཡོད་ཅེས་གསུངས་ཡོད། [19]དེ་ནི་ཚ་སྤྲུལ་ངག་དབང་བློ་བཟང་མཆོག་གིས་ང་ཚོར་འཇོག་གནང་མཛད་པའི་ཞལ་ཆེམས་རེད་ལ། འདས་པོའི་ཕུགས་རེ་རྒྱུན་འཛིན་བྱེད་དགོས་པའི་རེ་འདུན་ཞིག་ཀྱང་རེད། ང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམ་པ་དེ་བདེ་བ་ཅན་དུའང་འཛུམ་མདངས་ཕྱུང་ནས་བཞུགས་ཡས་ཡོད་པ་བྱེད་དགོས།

རྩོམ་སྒྲིག་འགན་ཁུར་བ།:སྐལ་བཟང་།
རྩོམ་ཡིག་ཡོང་ཁུངས།:ཀྲུང་གོའི་བོད་རིག་པའི་དྲ་བ།