中国藏学网

您好,欢迎来到中国藏学网!

学术动态

​ཡོན་རྒྱལ་རབས་དུས་ཀྱི་ཞ་ལུ་དགོན་པའི་རྒྱ་བོད་སྒྱུ་རྩལ་བཤམས་སྟོན་དེ་རིང་ནས་བཟུང་འགོ་ཚུགས་པ།

发布时间: 2020-11-06               来源:ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

21.jpg

ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ11པའི་ཚེས6ཉིན། ཡོན་རྒྱལ་རབས་དུས་ཀྱི་ཞ་ལུ་དགོན་པའི་རྒྱ་བོད་སྒྱུ་རྩལ་བཤམས་སྟོན་གྱི་དབུ་འབྱེད་མཛད་སྒོ་དེ་པེ་ཅིང་གི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ་ཞིང་། ཐེངས་འདིའི་བྱེད་སྒོ་ནི་ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གིས་སྒྲུབ་གཉེར་བྱས་པ་དང་། གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་དང་ཞ་ལུ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གིས་རོགས་གཉེར་བྱས། 

22.jpg

 ཞ་ལུ་དགོན་པ་ནི་གཞིས་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཞང་གི་ཁོངས་སུ་ཡོད་པ་དང་། དགོན་པ་དེ་ལོ་རྒྱུས་ལྟར་ན1003ལོར་སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས་སྦྱིན་བདག་མཛད་ནས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་སློབ་མ་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཕྱག་བཏབ། དུས་རབས་བཅུ་གཉིས་པ་ནས་བཅུ་བཞི་པའི་བར་དུ་དགོན་པའི་འཛུགས་སྐྲུན་རྒྱ་བསྐྱེད་ཅིང་། དེ་དུས་སུ་ལྡེབས་རིས་མང་པོ་བཞེངས་ཡོད་པ་དག་ད་ལྟའང་ཉར་ཚགས་ལེགས་པོ་བྱས་ཡོད་སྟབས། 1996ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏན་འཁེལ་བྱས་ཏེ་རྒྱལ་ཁབ་ཀྱིས་མ་དངུལ་ཐེངས་མང་བཏང་ནས་ཉམས་གསོ་དང་སྲུང་སྐྱོབ་བྱས། 

 ཐེངས་འདིའི་བཤམས་སྟོན་ནི་ཞ་ལུ་དགོན་པའི་ལོ་རྒྱུས་དང་བཟོ་སྐྲུན། ལྡེབས་རིས་བཅས་ཕྱོགས་གསུམ་གྱི་ཐད་ནས་མངོན་པ་དང་། དེ་དག་ལས་ཡོན་རྒྱལ་རབས་ཀྱི་དུས་སུ་ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་སུ་སྲིད་འཛིན་དོ་དམ་གང་ལེགས་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་གསལ་སྟོན་བྱས་ཡོད་པ་མ་ཟད། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་འགྲོ་འོང་གི་ལོ་རྒྱུས་རྒྱབ་ལྗོངས་འོག  རྒྱ་བོད་མི་རིགས་གཉིས་ཀྱི་བཟོ་སྐྲུན་དང་རི་མོའི་སྒྱུ་རྩལ་ཐད་སྤེལ་རེས་དང་མཉམ་འདྲེས་བྱུང་ཚུལ་བསྟན་ཡོད་པ་དང་། གཞན་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཅིག་མཐུན་གྱི་འདུ་ཤེས་མཉམ་འཛུགས་བྱེད་པར་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན། 

23.jpg

བཤམས་སྟོན་ཁང་གི་ཡུལ་དངོས།

24.jpg

བཤམས་སྟོན་ཁང་གི་ཡུལ་དངོས།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་དགྲ་འདུལ་གྱིས“ཡོན་རྒྱལ་རབས་དུས་ཀྱི་ཞ་ལུ་དགོན་པའི་རྒྱ་བོད་སྒྱུ་རྩལ་བཤམས་སྟོན་ནི་ཚན་ཞིབ་མཇུག་འབྲས་དེ་བཤམས་སྟོན་གྱི་རྣམ་པར་བསྒྱུར་པའི་ཚོད་ལྟ་ཐེངས་ཤིག་ཡིན་ལ། ཐེངས་འདིའི་བཤམས་སྟོན་གྱི་སྟེང་ལ་ཞ་ལུ་དགོན་པའི་དངོས་རྫས་རྩ་ཆེན40ལྷག་དང་དེ་དག་གི་འདྲ་གཟུགས། པར་རིས། བརྙན་ཟློས་སོགས་ཟུང་དུ་འབྲེལ་ནས། ཡོན་རྒྱལ་རབས་དུས་ཀྱི་ཞ་ལུ་དགོན་པའི་ལོ་རྒྱུས་དང་བཟོ་སྐྲུན་གྱི་བཀོད་པ། སྒྱུ་རྩལ་གྱི་མཛེས་པ་སོགས་ལས་དུས་སྐབས་དེར་ཡོན་ཀྲུང་དབྱང་གིས་བོད་ལྗོངས་སུ་སྲིད་འཛིན་དོ་དམ་བྱས་པའི་ལོ་རྒྱུས་དོན་དངོས་མཚོན་ཡོད་ལ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཉམ་འདྲེས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་འོག  རྒྱ་བོད་མི་རིགས་ཀྱི་རིག་གནས་བརྗེ་རེས་དང་མཉམ་འདྲེས་བྱས་པ་མཚོན་ཡོད”ཅེས་གསུངས་པ་དང་།  “ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལྟར། བོད་ལྗོངས་ཀྱི་ལས་དོན་གྱིས་ངེས་པར་དུ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པ་དེ་གཙོ་གནས་དང་དམིགས་སར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བོད་ལྗོངས་ས་གནས་དང་མེས་རྒྱལ་བར་གྱི་འབྲེལ་བའི་སྐོར་གྱི་ལོ་རྒྱུས་སློབ་གསོ་སྤེལ་ནས། མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་ཆགས་པར་སྣེ་ཁྲིད་བྱས་ཡོད་པས།  བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་བྱས་པའི་དངོས་ཡོད་མཚོན་སྟངས་ཤིག་ཀྱང་ཡིན”ཞེས་གསུངས།

25.jpg

བཤམས་སྟོན་ཁང་གི་ཡུལ་དངོས།

26.jpg

བཤམས་སྟོན་ཁང་གི་ཡུལ་དངོས།

ཞ་ལུ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་བློ་བཟང་རྒྱ་མཚོ་ལགས་ཀྱིས། “ཞ་ལུ་དགོན་པ་ནི་ལོ་རྒྱུས་ཤིན་ཏུ་རིང་ཞིང་། ད་བར་དུ་ཕལ་ཆེར་ལོ་ངོ་སྟོང་གི་ལོ་རྒྱུས་དང་ལྡན་པའི་དགོན་རྙིང་ཞིག་ཡིན་པ་དང་། ཡོན་རྒྱལ་རབས་ཀྱི་དུས་སུ་རྒྱ་བསྐྱེད་བཞེངས་སྐྲུན་བྱས་པའི་རྒྱ་བོད་ཟུང་འབྲེལ་གྱི་ལྡེབས་རིས་དང་བཟོ་སྐྲུན་སོགས་ཀྱིས་བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོ་དང་ཁ་འབྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཡིན་པ་བསྟན་ཡོད་པ་རེད། ཐེངས་འདིའི་བཤམས་སྟོན་བརྒྱུད་ནས་ཕྱི་རོལ་ཡུལ་ལ་ཞ་ལུ་དགོན་པ་ངོ་སྤྲོད་དང་། ཞ་ལུ་དགོན་པའི་སྒྱུ་རྩལ་དང་ཞ་ལུ་དགོན་པའི་རིག་དངོས་དག་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཞིག་ཐོན་ངེས་ཡིན”ཞེས་གསུངས། 

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བཤམས་སྟོན་ནི2020ལོའི་ཟླ11པའི་ཚེས6ཉིན་ནས2021ལོའི་ཟླ11པའི་ཚེས31ཉིན་བར་སྤེལ་རྒྱུ་ཡིན་པས།  མོས་པ་དང་སྤྲོ་བ་ཡོད་མཁན་དག་དུས་ལྟར་ཡུལ་དངོས་སུ་སོང་ནས།  ཡོན་རྒྱལ་རབས་དུས་ཀྱི་ཞ་ལུ་དགོན་པའི་རྒྱ་བོད་སྒྱུ་རྩལ་གྱི་ཞིང་ཁམས་ལ་ཐེངས་ཤིག་འགྲིམས་ཆོག  

27.jpg

བཤམས་སྟོན་ཁང་གི་ཡུལ་དངོས།

28.jpg

བཤམས་སྟོན་ཁང་གི་ཡུལ་དངོས།

29.jpg

བཤམས་སྟོན་ཁང་གི་ཡུལ་དངོས།

30.jpg

བཤམས་སྟོན་ཁང་གི་ཡུལ་དངོས།

31.jpg

བཤམས་སྟོན་ཁང་གི་ཡུལ་དངོས།

རྩོམ་སྒྲིག་པ། བདེ་སྒྲོལ།

 


中国藏学网